མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་16ཉིན། 08:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

རྒྱལ་ཁབ་ཕྱི་ནང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་དུས་བབ་ལ་དབྱེ་ཞིབ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་དམ་ འཛིན་ཡག་པོ་བྱ་རྒྱུའི་སྐོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་གྱི་བརྟན་པོའི་རང་བཞིན་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་ཞིབ་འཇུག་
                                  བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
     ■ མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དུས་བབ་སྤྱིའི་ཆ་ནས་ཡག་པོ་ཡོད་པ་དང་། ཆབས་ཅིག་མངའ་ཁོངས་ཕྱིའི་རིམས་ནད་ཀྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། རྒྱལ་ནང་དུ་རིམས་ནད་བསྐྱར་ལོག་འགོག་ཟོན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བ་ཞིག་ཡོད། སྣང་མེད་ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་གི་བསམ་བློ། སྟེས་དབང་གི་བསམ་བློ། ལྷོད་གཡེང་གི་བསམ་བློ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། རིམས་ནད་ཕྱི་ནས་འགོ་རྒྱུ་སྔོན་འགོག་དང་ནང་དུ་བསྐྱར་ལོག་སྔོན་འགོག་བྱེད་པའི་ལས་དོན་མུ་མཐུད་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་པ། ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྐང་རྗེས་ལག་སུབ་མི་འགྲོ་བ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་14ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་ཕྱི་ནང་གི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་དུས་བབ་ལ་དབྱེ་ཞིབ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་དམ་འཛིན་ཡག་པོ་བྱ་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་གྱི་བརྟན་པོའི་རང་བཞིན་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དུས་བབ་སྤྱིའི་ཆ་ནས་ཡག་པོ་ཡོད་པ་དང་། ཆབས་ཅིག་མངའ་ཁོངས་ཕྱིའི་རིམས་ནད་ཀྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། རྒྱལ་ནང་དུ་རིམས་ནད་བསྐྱར་ལོག་འགོག་ཟོན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བ་ཞིག་ཡོད། སྣང་མེད་ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་གི་བསམ་བློ། སྟེས་དབང་གི་བསམ་བློ། ལྷོད་གཡེང་གི་བསམ་བློ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། རིམས་ནད་ཕྱི་ནས་འགོ་རྒྱུ་སྔོན་འགོག་དང་ནང་དུ་བསྐྱར་ལོག་སྔོན་འགོག་བྱེད་པའི་ལས་དོན་མུ་མཐུད་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱེད་པ། ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྐང་རྗེས་ལག་སུབ་མི་འགྲོ་བ་བཅས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གཙོ་གནད་ས་ཁུལ་དང་གཙོ་གནད་ཁུལ་དུ་རིམས་ནད་བསྐྱར་ལོག་འགོག་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཧེ་ལུང་ཅང་དང་ཅི་ལིན་སོགས་ཉེ་དུས་འདུ་འཛོམས་རང་བཞིན་གྱི་རིམས་ནད་འགོས་པའི་ས་ཁུལ་གྱིས་དམིགས་ས་ཡོད་པའི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལ་ཤུགས་སྣོན་རྒྱག་དགོས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱིས་སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཉིང་སྐྱུར་ཞིབ་དཔྱད་གྲལ་བཤེར་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་ཝུའུ་ཧན་འབྲེལ་གཏུག་ཚོགས་ཆུང་གིས་མཛུབ་ཁྲིད་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། པེ་ཅིང་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”རིང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། སློབ་འགོ་བསྐྱར་འཛུགས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་ཞིབ་ཚགས་སུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས་དགེ་སློབ་ཀྱི་བདེ་འཇགས་དང་བདེ་ཐང་འགན་ལེན་བྱེད་དགོས། དམིགས་ས་ཡོད་པའི་སྒོ་ནས་སྨན་བཅོས་སྒྲིག་གཞིའི་འགོ་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་དང་ནད་གཡོག་དང་ནད་པར་ལྟ་བའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་གཏན་གྱི་ནད་བརྟག་སྨན་བཅོས་སྒྲིག་ལམ་གོ་རིམ་ལྡན་པའི་སྒོ་ནས་སླར་གསོ་བཅས་བྱས་ཏེ། སྨན་ཁང་ནས་རིམས་ནད་འགོ་རྒྱུར་འགོག་ཟོན་བྱེད་དགོས།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ས་གནས་ཁག་གིས་ཉེ་དུས་འདུ་འཛོམས་བྱས་ནས་རིམས་ནད་ཐོན་པའི་ས་ཁུལ་གྱི་བསླབ་བྱ་དང་ལེན་ནན་ཏན་བྱས་ཏེ། ཟུར་བལྟས་ལེབ་མཐོང་གི་སྒོ་ནས་ས་གནས་དེ་རང་གི་སྔོན་འགོག་དང་ཚོད་འཛིན་གྱི་ཞན་ཆར་སླར་ཡང་གྲལ་བཤེར་དང་། སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་སླར་ཡང་བརྟན་གཏོང་། སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་སླར་ཡང་དོན་འཁྱོལ་བཅས་བྱས་ཏེ། རིམས་ནད་བསྐྱར་ལོག་མི་ཐེབས་པའི་འགན་ལེན་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཤུགས་མི་འདང་བའི་རིགས་ལ་ཐག་གཅོད་ནན་པོ་བྱེད་དགོས། དབྱར་དུས་ཀྱི་གནམ་གཤིས་ཁྱད་ཆོས་ལ་དམིགས་ནས་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཚོར་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་སྲུང་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མངའ་ཁོངས་ཕྱིའི་རིམས་ནད་ཀྱི་གནས་ཚུལ་གསར་པ་དང་འཕེལ་ཕྱོགས་གསར་པར་དམིགས་ཏེ། དེ་བས་སྟབས་བསྟུན་གོ་ཆོད་ཀྱི་བྱེད་ཐབས་སྤྱད་དེ་ཕྱི་ནས་འགོ་བའི་གཙོ་གནད་ཁྱབ་ཁོངས་དང་ཞན་ཆའི་ལྷུ་ཚིགས་ལ་ཤུགས་སྣོན་རྒྱག་དགོས། མངའ་ཁོངས་ཕྱིའི་རང་རྒྱལ་གྱི་སྤྱི་དམངས་ལ་ཐུགས་ཁུར་དང་དགའ་གཅེས་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་མཐའ་མཚམས་ས་ཁུལ་དང་འགག་སྒོའི་གྲོང་ཁྱེར་གྱི་འཕྲོད་བསྟེན་རིམས་བཤེར་དང་ལོགས་འཇོག་ལྟོ་དཔྱད་དང་སྐྱོབ་བཅོས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས།
     ཚོགས་འདུའི་ཐོག་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་དང་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱི་ཕན་ཚུན་འཁོར་སྐྱོད་དང་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་ཐོན་ལས་འཁོར་སྦྲེལ་རིམ་སྤོར་འདུ་འགོད་ལག་བསྟར་བྱས་ཏེ། སྲོལ་རྒྱུན་ཐོན་ལས་ཀྱི་ལེགས་ཆ་བརྟན་དུ་གཏོང་བ་དང་། ལེགས་ཆའི་ཐོན་ལས་ཀྱི་སྔོན་ཚུད་གནས་བབ་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གང་མགྱོགས་བཀོད་སྒྲིག་བཅས་བྱས་ཏེ། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་འཁོར་སྦྲེལ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་ལེགས་ཆ་གསར་པ་འདོན་སྤེལ་བྱས་ནས་ཚན་རྩལ་གསར་གཏོད་དང་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་འགག་རྩའི་ལྷུ་ཚིགས་དང་། འགག་རྩའི་ཁྱབ་ཁོངས། འགག་རྩའི་ཐོན་རྫས་བཅས་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས་པའི་མཛུབ་སྟོན་བྱས་པ་རེད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ཐོན་ལས་འཁོར་སྦྲེལ་གཙོ་བོ་དང་། སྣེ་འདྲེན་ཁེ་ལས། མ་འཇོག་རྣམ་གྲངས་གལ་ཆེན་བཅས་ལ་མུ་མཐུད་དམིགས་ཏེ། འགོག་རྐྱེན་མེད་པ་བཟོ་བ་དང་སྦྲེལ་མཐུད་ཐུབ་པ་བྱེད་པ་དང་། གཞི་རྒྱུ་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་བོའི་སྟོད་རྒྱུད་སྨད་རྒྱུད་དང་། ཐོན་མཁོ་འཚོང་གསུམ། ཁེ་ལས་ཆེ་འབྲིང་ཆུང་གསུམ་བཅས་མཐུན་སྦྱོར་ངང་ལས་འགོ་བསྐྱར་འཛུགས་བྱས་ནས་ཐོན་སྐྱེད་ཀྱི་དམིགས་ཚད་བསྒྲུབ་པ་བྱེད་དགོས། ཚོང་ར་དང་། ཁྲོམ་ར། འཚོ་བའི་ཞབས་ཞུའི་ལས་རིགས་བཅས་རྒྱུན་གཏན་གྱི་ཆུ་ཚད་དུ་སླར་གསོ་ཡོང་བར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཁོར་རྒྱུག་དང་། ཁྲོམ་ར་འཁོར་སྐྱོད། དཔལ་འབྱོར་དང་སྤྱི་ཚོགས་འཁོར་རྒྱུག་བཅས་ཤར་བགྲོད་ཐུབ་པ་བྱེད་དགོས། རྒྱལ་སྤྱིའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་བདེ་འཇགས་དང་བརྟན་པོ་ཡོང་བར་མཉམ་དུ་སྲུང་སྐྱོང་བྱེད་དགོས།
     ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

  
style="display:none;"