མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་16ཉིན། 08:15】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་13ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་ཏོག་གསར་གློ་ཚད་རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་ཡོད། རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ནང་ཀྲུང་གོ་དང་ཧན་གོས་ཐོག་མཐའ་བར་གསུམ་དུ་ལྟ་རེས་སྐྱོང་རེས་དང་། སྐྱིད་སྡུག་མཉམ་མྱོང་། ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་རོགས་རམ་བཅས་བྱས་ཡོད། ཀྲུང་ཧན་རྒྱལ་ཁབ་གཉིས་པོས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་ལས་ལམ་སྲོལ་སྔོན་ལ་བཙུགས་ནས་ཕན་ཚུན་རིམས་ནད“གཅིག་ཀྱང་མ་འགོས་པའི”ཟིན་ཐོ་བཏོད་ཡོད། ད་དུང་ཕྱོགས་གཉིས་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག འཕྲལ་མཁོའི་མི་སྣ་གལ་ཆེན་འགྲོ་འོང་གི“མྱུར་སྐྱོད་བགྲོད་ལམ”སྔོན་ལ་ཤར་གཏོང་བྱས་ནས་ས་ཁུལ་གྱི་ཐོན་ལས་འཁོར་སྦྲེལ་དང་། མཁོ་སྤྲོད་འཁོར་སྦྲེལ། ཟོག་འགྲེམས་འཁོར་སྦྲེལ་བཅས་བདེ་བླག་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་རིམས་འགོག་འགོག་རྒོལ་མཉམ་ལས་ལ་ཕན་འབྲས་ཆེན་པོ་ཐོན་ནས་རྒྱལ་ཁབ་གཉིས་པོའི་རང་སོ་སོའི་རིམས་འགོག་གི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་དང་། “ཁྱིམ་མཚེས་བཟང་པོ་གསེར་ལས་ལྷག་པའི”གནས་ལུགས་གསལ་འགྲེལ་བྱས་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་རིམས་ནད་འགོག་རྒོལ་ཐད་ཕན་ཡོད་ཀྱི་ཉམས་མྱོང་གསོག་འཇོག་བྱས་ནས་མཉམ་ལས་ཀྱི་མིག་དཔེ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་རྫས་དང་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འདོན་འོས་པའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་རི་ཧན་རྒྱལ་ཁབ་གསུམ་སོགས་ཀྱི་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་པོ་དང་རྒྱལ་སྤྱིའི་རིམས་ནད་འགོག་རྒོལ་གྱི་མཉམ་ལས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧན་གོ་ནི་འབྲེལ་ལམ་ཟབ་པའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་རྒྱལ་ཁབ་གཉིས་པོར་ཐུན་མོང་གི་ཁེ་ཕན་མང་པོ་ཡོད་ལ། ཁྱབ་ཁོངས་ཁག་གི་དམ་པ་དོན་གཉེར་གྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་རྒྱུའི་ཐད་ལའང་བར་མཐོངས་དེ་བས་ཆེན་པོ་ཡོད། ངས་ཀྲུང་ཧན་རྒྱལ་ཁབ་གཉིས་པའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁྱེད་དང་མཉམ་དུ་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཐོག་སླེབས་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཝུན་ཙའེ་དབྱིན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཀྲུང་གོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པས། ངས་དེའི་ཐད་ཚད་མཐོའི་གདེང་འཇོག་བྱེད་ཀྱི་ཡོད། འཚོག་གཉེར་ཡོད་པའི་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ཀྱི་ཧན་ཀྲུང་རྒྱལ་ཁབ་གཉིས་པོའི་བསམ་ཕྱོགས་དང་བྱ་ཐབས་འདྲ་པོ་ཡོད་པས་རིམས་ནད་འགོག་རྒོལ་གྱི་མཉམ་ལས་ལའང་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་། ལྷག་པར་དུ“མྱུར་སྐྱོད་བགྲོད་ལམ”སྔོན་ལ་ཤར་གཏོང་བྱས་ནས་རྒྱལ་ཁབ་གཉིས་པོའི་མཐུན་སྒྲིལ་མཉམ་ལས་ཀྱི་བརྡ་རྟགས་ནུས་ལྡན་བརྒྱུད་སྤྲོད་བྱས་ཡོད་ལ་འཛམ་གླིང་ལའང་མིག་དཔེ་བཏོད་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མུ་མཐུད་འབྲེལ་གཏུག་མཉམ་ལས་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་བྱེད་པ་དང་རིམས་ནད་ལས་རྣམ་པར་རྒྱལ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཧན་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

  
style="display:none;"