མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་སི་རི་ལན་ཁའི་ཙུང་ཐུང་ཀེ་ཐ་པ་ཡ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་16ཉིན། 08:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5ཚེས་13ཉིན་གྱི་དགོང་མོ་སི་རི་ལན་ཁའི་ཙུང་ཐུང་ཀེ་ཐ་པ་ཡ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་སུ་སི་རི་ལན་ཁའི་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོར་རྒྱབ་སྐྱོར་ཧུར་ཐག་གནང་བ་དང་མི་སེམས་དྲོ་བར་བྱེད་པའི་བྱེད་སྟངས་མང་པོ་མི་སེམས་འགུལ་བ་ཞིག་ཡོད། སྐུ་ཉིད་ཀྱི་ནུས་པ་ལྡན་པའི་འགོ་ཁྲིད་འོག་སི་རི་ལན་ཁས་རིམས་ནད་ཁྱབ་མཆེད་བཀག་འགོག་ནུས་ལྡན་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་དགོས་མཁོ་ལྟར་མུ་མཐུད་རྒྱབ་སྐྱོར་མཐའ་གཅིག་ཏུ་དང་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱ་རྒྱུ་ཡིན། སི་རི་ལན་ཁའི་མི་དམངས་ཀྱིས་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། སི་རི་ལན་ཁའི་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་ཐོན་རིང་སི་རི་ལན་ཁར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ལྟ་རྟོག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་སི་རི་ལན་ཁའི་སྤྱི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་མུ་མཐུད་བྱ་རྒྱུ་ཡིན་ལ་ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་སོགས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་འདོན་སྤེལ་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་རྒྱལ་སྤྱིའི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་འབྲེལ་བ་ཡོད་པའི་སྲུང་སྐྱོང་དམག་འཐབ་དེར་ལག་གདང་སྦྲེལ་ནས་རྒྱལ་ཁ་ཐོབ་པ་བྱ་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་སི་ནི་ཕན་ཚུན་ལྷག་བསམ་ཟོལ་མེད་ཀྱི་རོགས་རེས་དང་ཚེ་རབས་ནས་ཚེ་རབས་བར་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཞིག་རེད། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་ཐད་ཚོད་བགམ་ཐེག་ཐུབ་ལ་ད་ཐེངས་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་སླར་ཡང་མཛའ་གྲོགས་ཟབ་ཏུ་སོང་ཡོད། ཕྱོགས་གཉིས་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རིམ་བཞིན་སླར་གསོ་བྱས་ཏེ་མཉམ་ལས་གལ་ཆེན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཐོག་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། དེས་སི་རི་ལན་ཁའི་དཔལ་འབྱོར་སླར་གསོ་བྱ་རྒྱུར་རམ་འདེགས་ཐུབ་རྒྱུ་རེད།
     ཀེ་ཐ་པ་ཡས་སྐུ་ཉིད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་ཀྲུང་གོ་མི་དམངས་ཀྱི་སྤྱིར་བཏང་མིན་པའི་བློ་གྲོས་དང་སྟོབས་ཤུགས་མངོན་ཡོད། སི་ཀྲུང་དབར་གྱི་མཛའ་གྲོགས་ལོ་རྒྱུས་རིང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རིམ་བདེ་བླག་བྱུང་ཡོད། དུས་ཡུན་རིང་པོའི་ནང་ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བས་སི་རི་ལན་ཁའི་མི་དམངས་ཀྱིས་བཀའ་དྲིན་ཆེན་པོ་ཚོར་བཞིན་ཡོད། སྐུ་ཉིད་ཀྱིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་ངས་བསྔགས་བརྗོད་བྱ་རྒྱུ་ཡིན་ལ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཐད་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་ཡང་མོས་མཐུན་ཡོད། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། ཡུལ་སྐོར། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་དང་སྤེལ་རེས་མཉམ་ལས་བྱས་ཏེ་ཁོའོ་ལུན་ཕོ་གྲུ་ཁའི་གྲོང་སོགས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རྣམ་གྲངས་གལ་ཆེན་ལ་བདེ་བླག་ངང་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་སི་རི་ལན་ཁར་མ་འཇོག་མཉམ་ལས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། སི་རི་ལན་ཁ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"