འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་15ཉིན།

༄༅༎སྡེ་ཚན་བདུན་གྱིས་མཉམ་དུ་རིམས་འགོག་དངོས་ཟོག་གི་སྤུས་ཚད་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་15ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། རིམས་འགོག་དངོས་ཟོག་ཐོན་རྫས་ཀྱི་སྤུས་ཚད་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་སྒྲིག་སྲོལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཉིན་ཤས་གོང་། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་བདུན་གྱིས་རྒྱལ་ཡོངས་ཀྱི་རིམས་འགོག་དངོས་ཟོག་ཐོན་རྫས་ཀྱི་སྤུས་ཚད་དང་ཁྲོམ་རའི་སྒྲིག་སྲོལ་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུའི་ཐག་བཅད་པ་མ་ཟད། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཀྱི་ཇུས་གཞིའང་བཟོས་པ་རེད།
     ཇུས་གཞིའི་ནང་། ཆེད་དོན་བཅོས་སྒྲིག་བྱ་སྤྱོད་བརྒྱུད་རིམས་འགོག་དངོས་ཟོག་ཐོན་རྫས་ཀྱི་སྤུས་ཚད་དང་ཁྲོམ་རའི་སྒྲིག་སྲོལ་ནང་གནས་པའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད། ཕྱིར་གཏོང་བཅས་ཀྱི་ཁྲོད་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པ། རིམ་མཚུངས་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་བཟོ་བ། རིམས་འགོག་དངོས་ཟོག་འགན་སྲུང་ལྟ་འདོམས་ཀྱི་ལས་ཀ་གཏིང་ཟབ་ངང་སྒྲུབ་པ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྤྱི་འདོམས་སྐུལ་སྤེལ་གཏོང་ཆེད་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
     ཇུས་གཞིའི་ནང་། རིམས་འགོག་དངོས་ཟོག་ཐོན་སྐྱེད་ཁེ་ལས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་། རིམས་འགོག་དངོས་ཟོག་ཐོན་རྫས་ཀྱི་སྤུས་ཚད་འཐེན་བཤེར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཕྱིར་གཏོང་རིམས་འགོག་དངོས་ཟོག་གི་ལྟ་འདོམས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། བདེན་དཔང་ར་སྤྲོད་ཀྱི་ཞིབ་བཤེར་ཚད་འཇལ་བྱ་སྤྱོད་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་བ། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཐག་གཅོད་བྱེད་པ། ཞབས་ཞུའི་ཁྲོམ་རའི་བྱེད་པོའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
     ཇུས་གཞིའི་ནང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གཞོགས་འདེགས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་ལམ་སྲོལ་གསར་གཏོད་བྱེད་པ། བཅོས་སྒྲིག་གི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལས་ཀ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཁོར་ཡུག་ཡག་པོ་གཏོད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།