མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་སྐབས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་
དུས་བསྟུན་མདུན་སྐྱོད་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་
རིང་ལུགས་ཀྱི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་14ཉིན། 09:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་5ཚེས་11དང་12ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་ཞིང་། འདི་ནི་ཟླ་5ཚེས་11ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཏ་ཐུང་གྲོང་ཁྱེར་ཡུན་ཀྲོའུ་ཆུས་ཀྱི་སྐྱེ་ལྡན་ཧོང་ཧྭ་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞིར་ངལ་རྩོལ་བྱེད་བཞིན་པའི་ཞིང་པ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

ཟླ་5ཚེས་11དང་12ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་ཞིང་། འདི་ནི་ཟླ་5ཚེས་11ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཏ་ཐུང་གྲོང་ཁྱེར་ཡུན་ཀྲོའུ་ཆུས་ཀྱི་སྐྱེ་ལྡན་ཧོང་ཧྭ་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞིར་ངལ་རྩོལ་བྱེད་བཞིན་པའི་ཞིང་པ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

     ■ ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཏོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱེད་པ། སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་འཕེལ་རྒྱས་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་བ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུ་འགན་ལེན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། དུས་བསྟུན་མདུན་སྐྱོད་བཅས་བྱས་ཏེ་ཧྲན་ཤིས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལག་ལེན་བསྟར་བའི་ལེའུ་གསར་པ་རྩོམ་དགོས།
     ■ ཀྲུང་གོ་གུང་ཁྲན་ཏང་གིས་དམངས་ཆེད་བྱ་བ་སྒྲུབ་པ་དང་དམངས་ཆེད་བདེ་སྐྱིད་སྐྲུན་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་གལ་ཆེ་ཤོས་སུ་བརྩི་བ་དང་མི་སེར་ལ་བྱ་བཟང་དང་བྱ་བ་དངོས་ག་ཚོད་བསྒྲུབས་མིན་དེ་སྲིད་སྐྱོང་བྱས་རྗེས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩི་གི་ཡོད། ཡུལ་གཞན་དུ་གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ལས་རྣམ་གྲངས་ཞིབ་ཚགས་ངང་འདེམས་པ་བཅས་བྱས་ཏེ། གྲུབ་འབྲས་ཐོབ་ཚད་དང་རྒྱུན་མཐུད་འཕེལ་རྒྱས་འགན་ལེན་བྱེད་དགོས། མང་ཚོགས་ལ་ཕན་པ་ཐོབ་པ་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཐོན་ལས་རོགས་སྐྱོར་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན། ཞིང་ལས་འགན་བཅོལ་སོགས་ཀྱི་ཐད་སྲིད་ཇུས་བཏོན་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས། གྲོང་གསེབ་ཀྱི་ཐོན་ལས་རྣམ་གྲངས་སྒྲིག་འཛུགས་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་ཡག་པོ་ཞིག་བྱེད་དགོས་ལ། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་མཁན་ཞིག་ཀྱང་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་ཐའེ་ཡོན་ནས་ཟླ་5ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཏོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱེད་པ། སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་འཕེལ་རྒྱས་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་བ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་རྒྱུ་འགན་ལེན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། དུས་བསྟུན་མདུན་སྐྱོད་བཅས་བྱས་ཏེ་ཧྲན་ཤིས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལག་ལེན་བསྟར་བའི་ལེའུ་གསར་པ་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
     དབྱར་སྟོད་ཀྱི་དུས་ཚིགས་སུ་ཧྲན་ཤིས་ཀྱི་རི་ཀླུང་སྔོ་ལྗང་གིས་བརྒྱན་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་བཞིན་མཆིས། ཟླ་5ཚེས་11དང་12ཉིན་ཧྲན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལོའུ་དབྱང་ཧྲེང་དང་ཧྲེང་ཀྲང་ལིན་ཝུའུ་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་སྔ་རྗེས་སུ་ཏ་ཐུང་དང་ཐའེ་ཡོན་སོགས་སུ་ཕེབས་ནས་ཞིང་ལས་ཐོན་ལས་རྟེན་གཞི་དང་། གནས་སྤོས་ཡུལ་མིའི་གྲོང་གསར། རིག་དངོས་སྲུང་སྐྱོང་ཚན་པ། སྒྱུར་བཅོས་དཔེ་སྟོན་ཁུལ། ཁེ་ལས་སོགས་སུ་ཕེབས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་ལ་བརྟག་ཞིབ་གནང་བ་རེད།
     ཚེས་11ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དང་ཐོག་ཏ་ཐུང་གྲོང་ཁྱེར་ཡུན་ཀྲོའུ་ཆུས་སུ་ཕེབས་ནས་སྐྱེ་ལྡན་ཧོང་ཧྭ་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་དམངས་ཆེད་བྱ་བ་སྒྲུབ་པ་དང་དམངས་ཆེད་བདེ་སྐྱིད་སྐྲུན་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་གལ་ཆེ་ཤོས་སུ་བརྩི་བ་དང་མི་སེར་ལ་བྱ་བཟང་དང་བྱ་བ་དངོས་ག་ཚོད་བསྒྲུབས་མིན་དེ་སྲིད་སྐྱོང་བྱས་རྗེས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩི་གི་ཡོད་ཅེས་ནན་བཤད་གནང་བ་རེད། འདེབས་འཛུགས་རྟེན་གཞི་ནས་ཞལ་གྱེས་ཏེ། ཞི་ཅིན་ཕིང་ཉེ་འདབས་ཀྱི་ཡུན་ཀྲོའུ་ཆུས་ཤི་ཕིང་གྲོང་རྡལ་ཧྥང་ཁྲེང་གྲོང་གསར་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། གྲོང་ཚོ་དེ་ནི་ཡུལ་གཞན་དུ་གནས་སྤོས་བྱས་པའི་གྲོང་ཚོ་ཞིག་ཡིན་པ་དང་གྲོང་ཚོ་དེར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་77གྱི་མི་གྲངས་158ཡོད་པ་དང་། 2018ལོ་ནས་བཟུང་གནས་སྤོ་བྱས་ཚུན། ཧོང་ཧྭ་ཁྱད་ལྡན་ཐོན་ལས་སོགས་འཕེལ་རྒྱས་གཏོང་བར་བརྟེན་ནས་ཚང་མ་དབུལ་སྒྲོལ་ཐུབ་ཡོད། ཞི་ཅིན་ཕིང་གྲོང་ཚོའི་རྩལ་ནུས་གསོ་སྦྱོང་ཞབས་ཞུའི་ས་ཚིགས་སུ་ཕེབས་ནས་གྲོང་ཚོ་གསར་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ཧོང་ཧྭ་ཐོན་ལས་ཀྱི་འབྲེལ་ཡོད་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་མ་ཟད། ཏ་ཐུང་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱེད་ཐབས་ལ་གདེང་འཇོག་ཡག་པོ་གནང་བ་རེད། ཁོང་གིས་ཡུལ་གཞན་དུ་གནས་སྤོ་བྱེད་པ་ནི་སྡོད་གནས་ཀྱི་གནད་དོན་ཐག་གཅོད་བྱེད་ཆེད་དུ་ཡིན་པ་མ་ཟད། མང་ཚོགས་དེ་བས་ཕྱུག་པོ་ཆགས་ཆེད་དུ་ཡིན། ཡུལ་གཞན་དུ་གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། ཐོན་ལས་རྣམ་གྲངས་ཞིབ་ཚགས་ངང་འདེམས་པ་བཅས་བྱས་ཏེ། གྲུབ་འབྲས་ཐོབ་ཚད་དང་རྒྱུན་མཐུད་འཕེལ་རྒྱས་འགན་ལེན་བྱེད་དགོས། མང་ཚོགས་ལ་ཕན་པ་ཐོབ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཐོན་ལས་རོགས་སྐྱོར་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན། ཞིང་ལས་འགན་བཅོལ་སོགས་ཀྱི་ཐད་སྲིད་ཇུས་བཏོན་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས། གྲོང་གསེབ་ཀྱི་ཐོན་ལས་རྣམ་གྲངས་སྒྲིག་འཛུགས་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་ཡག་པོ་ཞིག་བྱེད་དགོས་ལ། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱེད་མཁན་ཞིག་ཀྱང་བྱེད་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་རྒྱ་ཆེའི་གཞི་རིམ་ལས་བྱེད་པས་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱ་ཆེད་འབད་བརྩོན་ལྷོད་མེད་བྱས་པར་གདེང་འཇོག་གང་ལེགས་གནང་བ་རེད།
     གནས་སྤོས་དུད་ཚང་པའེ་ཀའོ་ཧྲན་གྱི་ཁྱིམ་དུ་ཞི་ཅིན་ཕིང་གིས་སྒོ་ར་དང་། མགྲོན་བསུ་ཁང་། ཐབ་ཚང་། གསང་སྤྱོད་སོགས་ལ་གཟིགས་པ་དང་འབྲེལ་ནང་མི་ཚོ་དང་མཉམ་དུ་དྲོད་ཁྲིའི་ཐོག་བཞུགས་ནས་ཅི་འཕྲོས་མོལ་འཕྲོས་གནང་བ་རེད། ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོས་གུང་ཁྲན་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་ཁེ་ཕན་དོན་གཉེར་བྱེད་མཁན་ཞིག་རེད། ད་ཆ་འཐེན་འཇོག་མི་བྱེད་པ་དང་། ཁྲལ་མི་བསྡུ་བ། གྲོན་དངུལ་མི་བསྡུ་བ། སྤྱི་འབྲུ་འཇལ་མི་དགོས་པ། མང་ཚོགས་དབུལ་པོར་ནད་ལྟ་སྨན་བཅོས་དང་། སྡོད་ཁང་སྐྲུན་པ། ལག་རྩལ་སློབ་པ། ཕྱུག་འགྱུར་གྱི་ཐབས་ལམ་འཚོལ་བ་བཅས་བྱེད་ཀྱི་ཡོད་པས། ཡུལ་མི་ཚོས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་ད་དུང་མཇུག་ཏུ་སྐྱེལ་ཐུབ་པའི་ཡིད་ཆེས་བྱེད་དགོས། འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་ལོ་ཞིག་ཡིན་པས། ཐབས་བརྒྱ་ཇུས་སྟོང་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གོམ་སྟབས་རྗེས་མར་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ཡུལ་མི་ཚོའི་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས། ཡུལ་གཞན་དུ་གནས་སྤོས་མང་ཚོགས་གྲོང་ཚོ་མི་འདྲ་བ་ནས་ཡོང་བ་དང་དེ་སྔ་ཁ་ཐོར་ངང་གནས་སྡོད་བྱེད་པ་ནས་ད་ཆ་གཅིག་སྡུད་ངང་གནས་སྡོད་བྱེད་ཀྱི་ཡོད། སྡེ་ཁུལ་འཛུགས་སྐྱོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བ་བཅས་བྱས་ནས་མང་ཚོགས་རྣམས་སྡོད་ཁང་གསར་པར་སྡོད་རྒྱུ་ཡོང་བ་བྱེད་དགོས་ལ། འཚོ་བ་གསར་པ་ཡང་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
     གྲོང་ཚོ་ནས་ཞལ་གྱེས་སྐབས། གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་ཞལ་གྱེས་ཞུས་པ་དང་ཞི་ཅིན་ཕིང་གིས་ཀྱང་ཡུལ་མི་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།
     ས་སྲོད་ཀྱི་མཚམས་སུ། ཞི་ཅིན་ཕིང་ཡུན་ཀང་བྲག་ཕུག་ཏུ་རྟོག་ཞིབ་གནང་བར་ཕེབས། ཞི་ཅིན་ཕིང་གིས་འཇིམ་རྐོས་དང་ལྡེབས་རིས་ལ་ཞིབ་ཚགས་ངང་གཟིགས་པ་དང་འབྲེལ་སྐབས་འགར་ལས་དོན་མི་སྣར་བྲག་ཕུག་གི་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས་ཡུན་ཀང་བྲག་ཕུག་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡིན་པས། ཡུན་ཀང་བྲག་ཕུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཀྲུང་གོའི་དོན་སྙིང་ལྡན་པ་མ་ཟད། འཛམ་གླིང་གི་དོན་སྙིང་ཡང་ལྡན་ཡོད། ལོ་རྒྱུས་རིག་གནས་ཤུལ་བཞག་ནི་བསྐྱར་སྐྱེ་མི་ཐུབ་པ་དང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་དགོས། ཡུལ་སྐོར་འཕེལ་རྒྱས་གཏོང་བར་སྲུང་སྐྱོང་སྔོན་འགྲོར་བྱེད་པ་ལས། ཐལ་དྲགས་པའི་ཚོང་ལས་ཅན་གྱི་རྣམ་པར་མི་འགྱུར་བ་བྱས་ཏེ། ཡུལ་སྐོར་དེ་ཉིད་མི་རྣམས་ཀྱིས་ཀྲུང་ཧྭའི་རིག་གནས་ཤེས་རྟོགས་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བའི་བརྒྱུད་རིམ་དུ་འགྱུར་བ་བྱེད་དགོས། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་མཚོན་པའི་ཡུན་ཀང་བྲག་ཕུག་གི་ལོ་རྒྱུས་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། ཡུལ་སྐོར་བ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་མཇལ་སྐབས། སྐད་གསང་མཐོན་པོས“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང”ཞེས་འབོད་པ་དང་། ཞི་ཅིན་ཕིང་གིས་ཀྱང་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་ཞུས་པ་དང་འབྲེལ་མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣས་རྒྱུན་རྣམ་ཅན་གྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱས་ཏེ། ཁྲིད་སྟོན་ལ་ཤུགས་སྣོན་དང་མི་ཚོགས་ཚོད་འཛིན་བྱས་ཏེ་མི་མང་པོ་འདུ་འཛོམས་བྱས་པའི་རྐྱེན་གྱིས་རིམས་ནད་བསྐྱར་དུ་ཐོན་རྒྱུ་གཏན་འགོག་བྱེད་དགོས་ཞེས་མངགས་བཅོལ་གནང་བ་རེད།
     དེ་རྗེས་ཞི་ཅིན་ཕིང་ཐའེ་ཡོན་ལྕགས་དང་ངར་ལྕགས་བཙའ་མེད་ཞིབ་ཚགས་ཅན་གྱི་ངར་ལྕགས་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁེ་ལས་དེས་སྔོན་ཐོན་གྱི་ཐོན་སྐྱེད་བཟོ་རྩལ་ལ་བརྟེན་ནས“ཆེས་སྲབ་པ་དང་། ཆེས་སྙོམས་པ། ཆེས་མཁྲེགས་པ”བཅས་ཀྱི་ཐོན་རྫས་ཀྱི་ཁྱད་ཆོས་ལ་བརྟེན་ནས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཞི་ཅིན་ཕིང་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་ཐོན་རྫས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་ནས་ཁེ་ལས་ཀྱི་འཁོར་རྒྱུག་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། འོད་གསལ་འཕྲུལ་ཚན་མདུན་དུ་ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོའི་ངང་མཐུག་ཚད་ཧའོ་སྨི་0.02ལས་མེད་པའི་བཙའ་མེད་ངར་ལྕགས“ལག་པས་དབྲལ་ཆོག་ལྕགས”ཀྱི་ཐོན་རྫས་ལ་གཟིགས་པ་རེད།
     ཞི་ཅིན་ཕིང་གིས་ཐོན་རྫས་དང་ལག་རྩལ་ནི་ཁེ་ལས་ཆགས་ས་རྟེན་སའི་གཞི་རྩ་རེད། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ཐད་ཡང་འབད་བསྐྱར་འབད་དང་ཡང་རྩེར་འཛེགས་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐད་གོམ་སྟབས་གསར་པ་དེ་བས་ཆེ་བ་སྤོ་བའི་རེ་བ་ཡོད་ཅེས་གསུངས་པ་རེད། ད་ཆ་རྒྱལ་ཡོངས་ཀྱི་རིམས་འགོག་ལས་དོན་དུས་མཚམས་གསར་པར་སླེབས་ནས་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་དུས་མཚུངས་རིམས་ནད་ཕྱི་ནས་མ་འགོས་པར་བྱེད་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་གནོན་ཤུགས་ཕྲད་ཡོད་པས། ཁེ་ལས་ཀྱིས་སྣང་མེད་ལྷོད་གཡེང་མི་བྱེད་པར་མུ་མཐུད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དེ་བས་ལེགས་པ་དང་། བདེ་འཇགས་དང་སྐྱོན་བྲལ་ངང་ཐོན་སྐྱེད་ཐུབ་པ། འཐུས་ཤོར་སོང་བའི་དུས་ཚོད་བརྩོན་ལེན་བཅས་བྱས་ནས་འདི་ལོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཚེས་12ཉིན་གྱི་ཉིན་དགུང་། ཞི་ཅིན་ཕིང་ཆེད་མངགས་ཧྥེན་ཧོ་ཐའེ་ཡོན་གྲོང་ཁུལ་ཅིན་དབྱང་ཟམ་པའི་དུམ་བུར་ཕེབས་ནས་ཐའེ་ཡོན་གྲོང་ཁྱེར་ཧྥེན་ཧོ་དང་དེ་བཞིན“ཆུ་བོ་དགུ”ཕྱོགས་བསྡུས་བཅོས་སྐྱོང་དང་རྒྱུག་ཁུལ་གྱི་སྣོད་བཅུད་སླར་གསོ་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་དང་། ཆུ་བོའི་ངོགས་ནས་ཞབས་ཐང་མར་ཧྥེན་ཧོ་གཙང་པོ་བཅོས་སྐྱོང་དང་དེ་བཞིན་ངོགས་གཉིས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་གྲོང་ཁྱེར་གྱི་ཁོར་ཡུག་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་ཐའེ་ཡོན་ཧྥེན་ཧོ་གཙང་པོའི་ངོགས་ཀྱི་སྣོད་བཅུད་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་ཐུགས་མགུ་པོ་བྱུང་བ་རེད། ཞི་ཅིན་ཕིང་གིས་ཧྥེན་ཧོ་གཙང་པོའི་བཅོས་སྒྲིག་ནི་ཧྲན་ཤིས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་མ་ཟད། ཐའེ་ཡོན་དང་ཐ་ན་ཧྲན་ཤིས་ཀྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་ཡང་འབྲེལ་བ་ཡོད་པས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་མཐའ་འཁྱོངས་བྱས་ཏེ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་ནུས་རྒྱུ་གསར་བརྗེར་སྐུལ་འདེད་གཏོང་བ་དང་། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཁྱབ་གདལ་གཏོང་བ། དཔལ་འབྱོར་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་དང་སྤྱི་འདོམས་བྱེད་དགོས། རི་བོ་དང་། ཆུ་བོ། སོལ་རླངས། གྲོང་ཁྱེར་བཅས་བཅོས་སྒྲིག་ལ་གཞི་གཅིག་ཅན་གྱི་སྐུལ་འདེད་གཏོང་བ་མཐའ་འཁྱོངས། མུ་མཐུད་ཤུགས་སྣོན་རྒྱག་པ། “མཛེས་སྡུག་ལྡན་པའི་ཐའེ་ཡོན་གྲོང་ཁྱེར”གྱི་མཛེས་ལྗོངས་སླར་ཡང་མངོན་པ། ཐའེ་ཡོན་གྱི་ཡིད་དབང་འགུགས་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཐའེ་ཡོན་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས། ཆུ་བོའི་ངོགས་སུ་གྲོང་མི་མང་པོ་ཞིག་སྤྲོ་གསེང་ལུས་སྦྱོང་བྱེད་བཞིན་ཡོད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་ཚང་མར་གཟུགས་གཞི་བདེ་ཐང་དང་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་པ་རེད།
     ཚེས་12ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་ཧྲན་ཤིས་ཀྱི་ལས་དོན་ཁག་ལ་ཁས་ལེན་གནང་བ་རེད། ཞི་ཅིན་ཕིང་གིས་མིག་སྔར་རང་རྒྱལ་དུ་རིམས་ནད་ཕྱི་ནས་མ་འགོས་པར་བྱེད་པའི་གནོན་ཤུགས་མུ་མཐུད་ཆེ་རུ་འགྲོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་ཉེན་ཁ་སྔར་བཞིན་གནས་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་རིག་པ་ལྕགས་སྐུད་བཞིན་དུ་བསྒྲིམས་ཏེ་རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་མཐའ་འཁྱོངས་དང་། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཐའ་གཅིག་ཏུ་རིམས་ནད་གསར་པ་མ་ཐོན་སྔོན་འགོག་བཅས་བྱས་ནས་རྐང་རྗེས་ལག་སུབ་བྱ་མི་རུང་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་སླར་གསོ་བྱེད་པའི་ཐད་འཕྲད་པའི་དཀའ་ངལ་དང་གནད་དོན་སྣ་ཚོགས་དུས་ཐོག་དང་ནུས་ལྡན་ངང་ཐག་གཅོད་བྱེད་པ་དང་། ནང་མཁོ་རྒྱ་ཆེར་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཁག་དམ་འཛིན་ཏན་ཏིག་བྱེད་པ། དངོས་ཚན་དཔལ་འབྱོར་དང་ལྷག་པར་དུ་བཟོ་སྐྲུན་ལས་རིགས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ། མ་དངུལ་བཏང་བའི་རྣམ་གྲངས་གལ་ཆེན་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། ནུས་རྒྱུ་གསར་བརྗེའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། གསར་སྒྱུར་རང་བཞིན་དང་། སྣེ་ཁྲིད་རང་བཞིན། མཚོན་རྟགས་རང་བཞིན་བཅས་ཀྱི་བྱེད་ཐབས་ཁག་གཅིག་ལག་ལེན་བསྟར་བ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། རྨང་གཞིའི་འཛུགས་སྐྲུན་གསར་པ་དང་། ལག་རྩལ་གསར་པ། རྒྱུ་ཆ་གསར་པ། སྒྲིག་ཆས་གསར་པ། ཐོན་རྫས་གསར་པ། ལས་རྣམ་གསར་པ་བཅས་ལ་རྒྱུན་ཆད་མེད་པར་ཚད་བརྒལ་ཡོང་བར་བྱེད་པ། གཞུང་ཁོངས་ཁེ་ལས་དང་གཞུང་ཁོངས་རྒྱུ་ནོར། ནོར་ཁྲལ་དངུལ་རྩ། ཚོང་གཉེར་ཁོར་ཡུག དམངས་གཉེར་དཔལ་འབྱོར། ནང་མཁོ་རྒྱ་བསྐྱེད། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་སོགས་གཙོ་གནད་སྒྱུར་བཅོས་ཁྱབ་ཁོངས་སུ་མུ་མཐུད་འགག་སྒྲོལ་དཀའ་སེལ་བྱེད་པ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་འབད་འབུངས་ཡར་བརྩོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས“ཡིའུ་ཡུས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་མ་ལག་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “རི་བོ་གཉིས་དང་། ཆུ་བོ་བདུན། རྒྱུག་ཁུལ་གཅིག”བཅས་ཀྱི་སྣོད་བཅུད་སླར་གསོ་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ། རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་ཏན་ཏིག་བསྟར་བ། ལམ་ལུགས་གསར་གཏོད་མགྱོགས་སུ་གཏོང་བ། ལམ་ལུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ། ལྗང་མདོག་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུར་ཁྲིད་སྟོན་བྱེད་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་ཀྱིས་ཧྲན་ཤིས་ཀྱི་རྨ་ཆུ་རྒྱུག་ཁུལ་སྲུང་སྐྱོང་བྱེད་རིང་གསར་སྤེལ་དང་གསར་སྤེལ་བྱེད་རིང་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞི་བརྟན་དུ་ཤུགས་ཆེན་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྨོ་ཞིང་གི་དམར་ཐིག་མཐའ་གཅིག་ཏུ་བརྟན་སྲུང་། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཞིང་ལས་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། མི་འབོར་དབུལ་པོ་ལྷག་མ་དབུལ་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པ། དབུལ་པོ་བསྐྱར་ལོག་གི་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་འགུལ་རྣམ་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ་དང་། མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་ཏན་ཏིག དམངས་འཚོའི་མཐའ་ཚད་བརྟན་སྲུང་། ལས་ཞུགས་སྔོན་ལ་བྱེད་པའི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ། མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཞིང་པ་ལས་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་མངོན་གསལ་དོད་པོས་ཡག་པོ་སྒྲུབ་པ། ད་རེས་ཀྱི་རིམས་ནད་ལས་ཐོན་པའི་སྤྱི་པའི་འཕྲོད་བསྟེན་མ་ལག་ཐད་ཀྱི་ཞན་ཆ་གང་མགྱོགས་སེལ་བ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྒྲིག་གི་གཙོ་གནད་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྣ་མང་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་དང་གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ནས་རིག་གནས་འཛུགས་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དྲིལ་བསྒྲགས་སློབ་གསོ་སྤེལ་བ། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་སྔོག་འདོན་གཏིང་ཟབ་བྱེད་པ་བཅས་ལ་བརྟེན་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀུན་སྤྱོད་ལེགས་སུ་གཏོང་བ་དང་། དར་སྲོལ་བཟང་པོ་འཛུགས་པ། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་མཐའ་འཁྱོངས་ཀྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ་དང་། ཕུགས་བསམ་དང་དད་སེམས་སློབ་གསོར་ཤུགས་སྣོན་རྒྱག་པ། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འཇོན་ཐང་དང་རྩ་འཛུགས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱིས་དར་ཆ་གསལ་སྟོན་གྱིས་ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་དང་འཐབ་རྩོད་བྱེད་དགོས།

ཟླ་5ཚེས་11དང་12ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་ཞིང་། འདི་ནི་ཟླ་5ཚེས་12ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཐའེ་ཡོན་ལྕགས་དང་ངར་ལྕགས་བཙའ་མེད་ཞིབ་ཚགས་ཅན་གྱི་ངར་ལྕགས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་རྟོག་ཞིབ་གནང་སྐབས། ཁེ་ལས་ཀྱི་ལས་བཟོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།
ཟླ་5ཚེས་11དང་12ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲན་ཤིས་སུ་རྟོག་ཞིབ་གནང་ཞིང་། འདི་ནི་ཟླ་5ཚེས་12ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཐའེ་ཡོན་ལྕགས་དང་ངར་ལྕགས་བཙའ་མེད་ཞིབ་ཚགས་ཅན་གྱི་ངར་ལྕགས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་རྟོག་ཞིབ་གནང་སྐབས། ཁེ་ལས་ཀྱི་ལས་བཟོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།

  
style="display:none;"