འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་13ཉིན།

༄༅༎《ཀྲུང་གོའི་རྒྱལ་བབ་ཀློག་དེབ(2020ལོའི་པར་གཞི)》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་13ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཇི་མ་ཇི་བཞིན་དང་། ཕྱོགས་ཡོངས། དུས་ཐོག་བཅས་ཀྱི་སྒོ་ནས་དེང་གི་ཀྲུང་གོའི་སྤྱི་ཚོགས་ཉིན་བཞིན་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གླེང་བའི་ཕྱོགས་བསྡུས་རང་བཞིན་གྱི་ཡོངས་ཁྱབ་ཀློག་དེབ《ཀྲུང་གོའི་རྒྱལ་བབ་ཀློག་དེབ(2020ལོའི་པར་གཞི)》ཤིན་ཧྭ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་རྒྱལ་ཡོངས་ལ་ཕྱོགས་ནས་འགྲེམས་སྤེལ་བྱས་པ་རེད།
     ཀློག་དེབ་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ཚིགས་མེ་ལོང་ཁང་གིས་སེམས་ནུས་ཡོད་རྒུས་རྩོམ་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཁྱོན་ཁག་དྲུག་ལ་དབྱེ་བ་སྟེ། ཁག་དང་པོ་ནི་པར་རིས་ལ་བརྟེན་ནས་ཀྲུང་གོ་ངོ་སྤྲོད་བྱེད་པ་དེ་ཡིན་ཞིང་། དེའི་ནང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་པར་བླངས་པའི་གསར་འགྱུར་པར་རིས་རྩེ་གྲ་ལེགས་པར་བདམས་ཏེ་པར་རིས་དང་ཡི་གེ་སྤེལ་མའི་ཐོག་ནས་2019ལོའི་ཀྲུང་གོའི་རྣམ་པ་རགས་ཙམ་ཐད་ཀར་མཚོན་པར་བྱས་པ་དང་། ཁག་གཉིས་པ་ནི་རྒྱལ་བབ་གནས་ཚུལ་མདོར་བསྡུས་བྱས་ཤིང་། དེ་དག་གི་ཡོང་ཁུངས་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་ཚིགས་མེ་ལོང》དང་རྒྱལ་ཁབ་བསྡོམས་རྩིས་ཅུས་སོགས་དབང་གྲགས་ལྡན་པའི་སྒྲིག་གཞིའི་བསྡོམས་རྩིས་སྤྱི་བསྒྲགས་ཡིན་པ། ཁག་གསུམ་པ་ནི་རྒྱལ་བབ་དམིགས་བསལ་བཀོད་པ་ཡིན་ཞིང་། དེའི་ནང་2019ལོར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་བརྟན་པོ་ཇི་མ་ཇི་བཞིན་བཀོད་པ་ཡིན་པ། ཁག་བཞི་པ་ནི་ཆེད་དོན་རྒྱལ་བབ་ཡིན་ཞིང་། དེའི་ནང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་20འཁོར་བ། དམངས་འཚོའི་སྲིད་ཇུས་དང་ཐབས་ཇུས་སོགས་སྤྱི་ཚོགས་ཀྱིས་གླེང་མང་བའི་དོན་ཆེན་གལ་ཆེན་ལ་དམིགས་ཏེ་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་བཏབ་པ་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་བརྒྱུད་སྤྲོད་བྱས་པ། ཁག་ལྔ་པ་ནི་ངོ་མཚར་ཆེ་བའི་རྒྱལ་བབ་ཡིན་ཞིང་། དེའི་ནང་སྐབས་དོན་གྱི་གླེང་མང་བའི་གནས་ཚུལ་རྗེས་སྙེགས་བྱས་ཏེ་སྐབས་དོན་ཆབ་སྲིད་ཀྱི་གནས་ཚུལ་དང་། དཔལ་འབྱོར། རིག་གནས། ཚན་རྩལ། དམངས་འཚོ། མི་སྣ་སོགས་ཀྱི་ཐད་ནས་ཀྲུང་གོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་བརྗོད་པ་དང་། ཡི་གེ་དང་པར་རིས་མཛེས་ཤིང་ཕུན་སུམ་ཚོགས་པས་ཀློག་རིན་ཆེ་བ། ཁག་དྲུག་པ་ནི་ལོ་འཁོར་གྱི་དོན་ཆེན་ཡིན་ཞིང་། དེའི་ནང་2019ལོའི་ཀྲུང་གོའི་སྤྱི་ཚོགས་གནས་ཚུལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཡོད་པ་རེད།
     《ཀྲུང་གོའི་རྒྱལ་བབ་ཀློག་དེབ》2008ལོར་དཔེ་སྐྲུན་ཇུས་འགོད་བྱས་ཚུན། ལོ་ལྟར་དཔེ་དེབ་རེ་དཔེ་སྐྲུན་བྱས་ནས་ལོ་12བསྟུད་མར་དཔེ་སྐྲུན་བྱས་པ་དང་། དེའི་ནང་ཀྲུང་གོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གསོན་ཉམས་ལྡན་པའི་ངང་བརྗོད་དེ་ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་མངོན་པས། རྒྱ་ཆེའི་ཀློག་པ་པོས་དེང་གི་ཀྲུང་གོའི་རྒྱལ་བབ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱེད་རྒྱུར་དཔྱད་གཞིར་འཛིན་པའི་རིན་ཐང་ཆེན་པོ་ལྡན་ཡོད་པ་རེད།