འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་12ཉིན།

༄༅༎རི་ཁུག་གྲོང་ཚོས་ཕྱུགས་རིགས་གསོ་ཚགས་ལ་བརྟེན་ནས་དབུལ་སྒྲོལ་ལམ་བུར་བསྐྱོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་12ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཀན་སུའུ་ཞིང་ཆེན་པའེ་དབྱིན་གྲོང་ཁྱེར་ཧུའེ་ཉིང་རྫོང་ནི་རང་རྒྱལ་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་མཐའ་བཞི་རི་བོས་བསྐོར་བས་ཡུལ་དེའི་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་བཟོས་ཡོད། ལོ་53ལ་སླེབས་པའི་གྲོང་མི་ལི་མིང་ཐང་གི་ནང་མི་ལྔ་པོ་སྔོན་ཆད་ཁྱིམ་དུ་རྒན་རྒོན་ལ་ལྟ་རྟོག་བྱེད་དགོས་པར་བརྟེན་ཕྱིར་གླ་པར་འགྲོ་རྒྱུ་བྱུང་མེད་ཅིང་གྲོ་དང་མ་རྨོས་ལོ་ཏོག་བཏབ་ནས་འཚོ་བ་སྐྱེལ་དགོས་བྱུང་བས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ལས་རག་གི་མེད། རི་ཁུག་ཏུ་གནས་པས་ཁྱིམ་ཚང་གི་ཆ་རྐྱེན་ཡང་སྐྱོ་པོར་གྱུར།
     2010ལོའི་གོང་དུ་ལི་མིང་ཐང་གིས་བ་ཕྱུགས་གསོ་ཚགས་བྱས་ནས་འཚོ་བའི་ཡོང་སྒོ་འཕར་ཐབས་བྱས་ཀྱང་། ཁོང་གིས་གསོ་ཚགས་བྱས་པ་ནི་ས་གནས་དེ་གའི་བ་གླང་ཡིན་པས་སྡོམ་གསོས་ཀྱི་ཕན་འབྲས་དེ་ཙམ་ཐོན་གྱི་མེད། དེས་མ་ཟད་ཁོང་གིས་གསོ་ཚགས་ལག་རྩལ་ཤེས་ཀྱི་མེད་པས་ལོ་གཅིག་དཀའ་ལས་བརྒྱབ་ཀྱང་བ་གླང་གཅིག་ནས་ཡོང་འབབ་སྒོར་500ལྷག་ཙམ་ལས་རག་གི་མེད།
     2010ལོར་ཁོང་གིས་སྒོར་5000བཏང་ནས་ཤིས་མོན་ཐར་གྱི་བ་གླང་གཅིག་ཉོས། བཤས་ཕྱུགས་དེ་རིགས་ཀྱི་ཤའི་སྤུས་ཚད་ཡག་པོ་ཡོད་པས་བ་གླང་གཅིག་ལ་ཉུང་མཐར་ཡང་ཆ་སྙོམས་རིན་གོང་སྒོར་8000བྱེད་ཀྱི་ཡོད། ལོ་ཤས་རིང་དཀའ་ངལ་ཁྱད་བསད་བྱས་ནས་ཚོང་གཉེར་བྱས་པ་བརྒྱུད། 2017ལོར་ཁོང་གཞི་ནས་བ་གླང་དེ་རིགས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་ཙམ་བྱུང་བ་རེད།
     ས་གནས་འདི་གའི་ཏང་ཨུད་དང་སྲིད་གཞུང་གིས་བརྟག་ཞིབ་བྱས་རྗེས། 2018ལོའི་ཟླ་5པར་པེ་ཅིང་ཞུང་ཐེ་འབྲོག་ལས་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་པ་དང་དངུལ་ཁང་ནས་དངུལ་བུན་གཡར་བ་དང་། དབུལ་སྐྱོར་མ་དངུལ་གྱི་རོགས་སྐྱོར་ཐོབ་པ། གྲོང་མི་སོ་སོས་རང་གྲབས་བྱེད་པ་སོགས་ལ་བརྟེན་ནས་པ་ལི་དབན་ཤང་ཨན་ཀེ་སི་བཤས་ཕྱུགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བཙུགས། དུས་དེ་ནས་བཟུང་ལི་མིང་ཐང་བདེ་སྐྱིད་ཀྱི་འཚོ་བ་དང་སྔར་བས་བར་ཐག་ཇེ་ཉེར་སོང་།
     ལི་མིང་ཐང་གིས་ཕྱུག་འགྱུར་གྱི་རེ་བ་མཐོང་རྗེས་ལོ་དེ་རང་དུ་ཨན་ཀེ་སིའི་བ་མོ་5ཉོས་ནས་གསོ་ཚགས་བྱས་པ་བརྒྱུད། ད་ཆ་མགོ་གྲངས་7བར་འཕེལ་ཡོད། “བ་གླང་དེ་རིགས་གསོ་ཚགས་བྱས་ན་ཡོང་འབབ་ཡག་པོ་འདུག དེས་མ་ཟད་མཉམ་ལས་ཁང་གིས་ལག་རྩལ་གྱི་རྒྱབ་སྐྱོར་དང་ཚོང་རོགས་བྱས་པས་ཡོང་འབབ་མ་རག་པའི་སེམས་ཁྲལ་མི་འདུག”ཅེས་བཤད།
     ཐོན་ལས་འཕེལ་རྒྱས་གཏོང་བར་ཐབས་ལམ་འཚོལ་དགོས་ཤིང་། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དང་མཉམ་ལས་བྱས་རྗེས་མཉམ་ལས་ཁང་དེས་གསོ་ཚགས་བྱས་པའི་བཤས་ཕྱུགས་བྲིན་ཁ་རྒྱུག་པོ་ཡོད་པ་དང་། ཚང་མ་བཤས་བཏང་རྗེས་མཉམ་ལས་བྱེད་མཁན་ཀུང་སིས་ཉོ་སྒྲུབ་བྱེད་ཀྱི་ཡོད་པ་དང་དུས་མཚུངས་ས་གནས་འདི་གའི་གསོ་ཚགས་ལས་རིགས་འཕེལ་རྒྱས་གཏོང་ཆེད། མཉམ་ལས་ཁང་གིས་ཞིང་དུད་ལ་སྔོ་གཟན་མ་རྨོས་ལོ་ཏོག་སོགས་བཏབ་རྒྱུར་ལྕག་སྐུལ་བྱས་པ་མ་ཟད། གཅིག་གྱུར་ཐོག་ཉོ་སྒྲུབ་བྱེད་འགན་འཁུར་གྱི་ཡོད་པ་རེད།
     2019ལོར་ལི་མིང་ཐང་ཁྱིམ་དུ་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་བྱུང་ཡོད།
     མིག་སྔར། པ་ལི་དབན་ཤང་ཨན་ཀེ་སི་བཤས་ཕྱུགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དུ་ཨན་ཀེ་སིའི་བཞོན་མ་205དང་བེའུ་130ལྷག་ཙམ་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཧུའེ་ཉིང་རྫོང་གིས་ས་གནས་འདི་གའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་བཤས་ཕྱུགས་ཐོན་ལས་དབུལ་སྒྲོལ་འགག་སྒྲོལ་གྱི“འབབ་འཕར་ཐོན་ལས”ལ་བརྩི་ཡི་ཡོད་པ་རེད། མིག་སྔར་རྫོང་ཡོངས་སུ་བཤས་ཕྱུགས་གསོ་ཚགས་དུད་ཚང་ཁྲི་1.3ལྷག་ཙམ་ཡོད་པའི་ནང་བ་གླང་5ཡན་གསོ་ཚགས་བྱེད་མཁན་དུད་ཚང་དབུལ་པོས་ཕྱེད་ཀ་ཙམ་ཟིན་ཡོད་པ་རེད།