མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་དང་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དབར་ངག་འཕྲིན་སྤྲིངས་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་11ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་ཁྲའོ་ཞན་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་ཐུགས་རྗེ་ཆེ་ཞུ་བའི་ངག་འཕྲིན་སྤྲིངས་གནང་ནས་ཞི་ཅིན་ཕིང་གིས་བློ་མཐུན་ཨུ་ཡོན་ཀྲང་གི་སྤྲོ་སེམས་འཁོལ་ལ་མཛའ་མཐུན་གྱི་ངག་འཕྲིན་འབྱོར་བར་དགའ་ཚོར་ཆེན་པོ་བྱུང་། འདི་ལོའི་ཟླ་2པར། བློ་མཐུན་ཨུ་ཡོན་ཀྲང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད་ང་ལ་འཚམས་འདྲིའི་ཡི་གེ་བསྐུར་བ་དང་འབྲེལ། ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་གནང་བ་དེ་ཐོག་ནས་བློ་མཐུན་ཨུ་ཡོན་ཀྲང་དང་དེ་བཞིན་ཁྲའོ་ཞན་ངལ་རྩོལ་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་ང་དང་དེ་བཞིན་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ལ་བརྩེ་སེམས་ཟབ་མོ་བཅངས་ལུགས་གང་ལེགས་མཚོན་ཡོད་ལ། ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྨང་གཞི་བརྟན་པོ་དང་སྐྱེ་སྟོབས་ཆེན་པོ་ཡང་གསོན་ཉམས་ལྡན་པའི་ངང་གསལ་འགྲེལ་བྱས་ཡོད། དེའི་ཐད་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་ཚད་མཐོའི་གདེང་འཇོག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཕྱོགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་དཀའ་སྤྱད་ཚད་མེད་ཀྱིས་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ངས་ཀྱང་ཁྲའོ་ཞན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་གནས་ཚུལ་དང་། ཁྲའོ་ཞན་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལའང་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། བློ་མཐུན་ཨུ་ཡོན་ཀྲང་གིས་ཁྲའོ་ཞན་གྱི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་རིམས་འགོག་བྱ་ཐབས་རབ་དང་རིམ་པ་སྤྱད་པ་དང་འབྲེལ། ཕན་འབྲས་ཡག་པོ་ཐོན་པར་ང་རང་བློ་བདེ་པོ་དང་དགའ་ཚོར་ཆེན་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ། ཁྲའོ་ཞན་ཕྱོགས་ཀྱི་དགོས་མཁོ་གཞིར་བཟུང་ནུས་པས་ལྕོགས་ཚོད་ཀྱིས་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་ཁྲའོ་ཕྱོགས་གཉིས་པོ་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག་རིམས་འགོག་འཐབ་རྩོད་འདིར་མཐའ་མའི་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ངས་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། བློ་མཐུན་ཨུ་ཡོན་ཀྲང་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཕྱོགས་གཉིས་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་བྱེད་པ་དང་། འཐབ་ཇུས་ཀྱི་འབྲེལ་བར་ཤུགས་སྣོན་རྒྱག་པ། སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པའི་ཀྲུང་ཁྲའོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ཏེ་ས་ཁུལ་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
     ཟླ་5ཚེས་7ཉིན། ཅིན་ཀྲེང་ཨེན་གྱིས་ཞི་ཅིན་ཕིང་ལ་ངག་འཕྲིན་སྤྲིངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཏང་དང་མི་དམངས་ལ་འགོ་ཁྲིད་གནང་སྟེ་སྔར་བྱུང་མྱོང་མེད་པའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་རྒྱལ་ཁ་ཧ་ཅང་ཆེན་པོ་ཐོབ་པར་ཚད་མཐོའི་གདེང་འཇོག་གནང་བ་དང་ཆབས་ཅིག་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁའི་འབྲས་བུ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་བཏང་ནས་མཐའ་མའི་རྒྱལ་ཁ་ལེན་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་གཟུགས་ལ་ཐུགས་ཅག་གནང་རྒྱུའི་རེ་བ་ཞུ་རྒྱུ་དང་ཆབས་གཅིག་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་ལ་དམག་འཐབ་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་དང་། ཁྲའོ་ཀྲུང་ཏང་གཉིས་ཀྱི་འབྲེལ་བ་ཉིན་བཞིན་ཟབ་ཏུ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"