འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་11ཉིན།

༄༅།།མཛེས་སྡུག་ལྡན་པའི་ཁོར་ཡུག་གིས་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་བདེ་ཐང་གི་མཐུན་རྐྱེན་བསྐྲུན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་11ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ“ཁུལ་ཡོངས་སུ་གད་སྙིགས་མེད་པ་བཟོ་བའི”བྱ་སྤྱོད་སྤེལ་བ་ལས“ཁོར་ཡུག་གི་གསར་བརྗེ”ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཁུལ་ཡོངས་སུ་ཁྱབ་སྟེ་མཛེས་སྡུག་ལྡན་པའི་ཁོར་ཡུག་གིས་གངས་ལྗོངས་ས་མཐོའི་བུ་ཕྲུག་ཚོར་བདེ་ཐང་ཡོང་བའི་མཐུན་རྐྱེན་སྐྲུན་ཡོད།
     མགོན་པོ་སྐྱབས་ཀྱིས་འཚོ་བའི་ཁོར་ཡུག་ཡག་པོ་འདི་འདྲ་ཡོང་གི་རེད་བསམ་མྱོང་མེད། ལོ་བཅུ་གྲངས་ཁ་ཤས་གོང་དུ་ཁོང་གིས་ད་དུང་རྩྭ་ཐང་ཐོག་ནང་མི་ཚང་མ་དགུན་གྱི་རུ་བ་ནས་དབྱར་གྱི་རུ་བའི་བར་ཕྱུགས་འཚོས་ནས་གང་སར་སྐྱས་སྤོས་ཏེ་མི་ཕྱུགས་མཉམ་སྡོད་ཀྱི་འཚོ་བ་སྐྱེལ་གྱི་ཡོད་པས་འཚོ་བའི་ཁོར་ཡུག་ཧ་ཅང་ཞན་པོ་ཡོད།
    འཚོ་བའི་ཁོར་ཡུག་ཞན་པའི་དབང་གིས་འབྲོག་པ་ཚོར་གཙང་སྦྲ་ཡག་པོ་བྱེད་པའི་གོམས་གཤིས་མེད་སྟབས་ཀན་ལྷོ་ཀྲོའུ་ཡི་འབྲོག་པ་ཐུམ་འབུའི་ནད་དང་དབྱུག་སྲིན་པུ་ལུ་པ་སོགས་ནད་ཀྱིས་མནར། ས་མཐོའི་ནད་རིགས་དེ་དག་ལས་རྣམ་པར་རྒྱལ་བ་བྱ་རྒྱུ་དེ་ཀན་ལྷོ་ཀྲོའུ་མང་ཚོགས་དབུལ་སྒྲོལ་ངང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་དམིགས་ཚད་གལ་ཆེན་ཞིག་ཏུ་གྱུར་ཡོད།
     2015ལོར་ཀན་ལྷོ་ཀྲོའུ་ཡིས“ཁུལ་ཡོངས་སུ་གད་སྙིགས་མེད་པ་བཟོ་བའི”དར་སྤེལ་གཏོང་འགོ་ཚུགས་ཤིང་། ཀྲོའུ་ཡོངས་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་4ལྷག་ཙམ་གྱི་རྩྭ་ཐང་ཐོག“ཁོར་ཡུག་གསར་བརྗེའི”བླང་བྱ་ལག་བསྟར་བྱས་པ་དང“མིག་ལམ་དུ་གད་སྙིགས་མཐོང་རྒྱུ་མེད་པ་བཟོ་བའི”བླང་བྱ་བཏོན་པ་དང་སྦྲགས། ཁོར་ཡུག་ལེགས་སྒྲིག་དང་དེ་བཞིན་འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་གཏོང་བའི་ཚད་གཞི་བཅུ་གྲངས་བཟོས་ནས་རྩྭ་ཐང་ནས་ལམ་ངོས་དང་དེ་ནས་ཐབ་ཚང་སོགས་རིམ་བཞིན་གཙང་སེལ་བྱས་པ་རེད།
    མགོན་པོ་སྐྱབས་ཀྱི་ཕ་ཡུལ་དུའང་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ཀ་ཤུལ་གྲོང་ཚོར་མི་ཕྱུགས་ལོགས་དབྱེ་དང་གཙང་སྦྲ་བྱ་རྒྱུས་གཙོས་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་འགོ་ཚུགས། གྲོང་ཚོའི་ལམ་བུའི་ཐོག་ཕྱུགས་ཟོག་གི་ལྕི་བ་མཐོང་རྒྱུ་མེད་ལ་རྡོ་གཅལ་བཏིང་བ་མ་ཟད། གྲོང་ཚོར་ཆུ་མཁོ་འདོན་བྱས་པ་དང་། ཡུར་བུ་དྲུས་པ། གད་སྙིགས་བསྡུ་བ། སྤྱི་པའི་གསང་སྤྱོད་ལ་སྒྱུར་བཀོད་དང་རིམ་སྤོར་བཅས་བྱུང་ཡོད།
    “ཁོར་ཡུག་གསར་བརྗེས”ཀན་ལྷོ་ཀྲོའུ་ཡི་མང་ཚོགས་ལ་བདེ་ཐང་དང་འཕེལ་རྒྱས་ཐད་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཡོད། མིག་སྔར་ཐུམ་འབུའི་ནད་སོགས་འབྲོག་ཁུལ་གྱི་རྒྱུན་མཐོང་ནད་ཐོན་ཚད་ཉུང་དུ་ཤུགས་ཆེན་སོང་ནས། ཀན་ལྷོ་ཀྲོའུ་ཡི་མིའི་ཆ་སྙོམས་ཚེ་ཚད་ཀྱང་རིང་དུ་ཕྱིན་ཞིང་། 2018ལོར་ཆ་སྙོམས་ཚེ་ཚད་ལོ་66ཡིན་པ་དང་1949ལོར་ཆ་སྙོམས་ཚེ་ཚད་ལོ་34ལས་ཟིན་གྱི་མེད།
     གསར་འགོད་པར་ཤེས་རྟོགས་བྱུང་བར། བདེ་ཐང་གི་གནད་དོན་གྱིས་ཀན་ལྷོའི་འབྲོག་ཁུལ་མང་ཚོགས་དབུལ་སྒྲོལ་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། ཡུན་རིང་གི་སྲོལ་རྒྱུན་འཚོ་བ་སྐྱེལ་སྟངས་ལས་འབྲོག་ཁུལ་མང་ཚོགས་ཁག་གཅིག་གི་བདེ་ཐང་གི་འདུ་ཤེས་ཡང་དག་མེད་པས་ནད་གཞི་མང་པོ་ཡང་ཡང་ཐོན་གྱི་ཡོད། “ཁོར་ཡུག་གསར་བརྗེའི”བྱ་སྤྱོད་སྤེལ་ཚུན། ཀན་ལྷོ་ཀྲོའུ་ཡིས་སྤྱི་ལེ་ངོས་གྲུ་ཁྲི་4.5ཡོད་པའི་རི་སྔོ་ཆུ་དྭངས་དང་རྩྭ་ཐང་དུ“ཁུལ་ཡོངས་སུ་གད་སྙིགས་མེད་པ་བཟོ་བའི”དམིགས་ཚད་མངོན་འགྱུར་བྱས་པ་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་བཏོད་པ་དང་དུས་མཚུངས། མང་ཚོགས་ལ་བདེ་ཐང་ཡོང་བའི་མཐུན་རྐྱེན་ཡང་བསྐྲུན་ཡོད་པ་རེད།