མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དབར་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་09ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་8ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིང་དབར་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཟླ་5ཚེས་9ཉིན་སུའུ་ལེན་གྱི་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་75འཁོར་བར་ཕུའུ་ཅིང་དང་ཨུ་རུ་སུའི་མི་དམངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་འཛམ་གླིང་དམག་ཆེན་གཉིས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་གོད་ཆག་ཆེན་པོ་ཞིག་རེད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་ངོས་ནས་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་ཏེ་འཛམ་གླིང་དམག་ཆེན་གཉིས་པར་མཐའ་མའི་རྒྱལ་ཁ་ཐོབ་པ་དང་མིའི་རིགས་འཇིག་ཉེན་ལས་སྐྱོབ་ཆེད་བསུབ་ཐབས་བྲལ་བའི་ལེགས་སྐྱེས་ཕུལ་ཡོད། ལོ་རྒྱུས་དེ་ནམ་ཡང་བློ་ལ་བརྟན་པོར་ངེས་རིན་ཡོད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ངང་དམག་འཐབ་བྱས་ཏེ་རླབས་ཆེན་གྱི་མཛའ་གྲོགས་བཏོད་ཡོད་པས་ཀྲུང་ཨུའི་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་མཁན་གཙོ་བོའི་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པའི་ངོས་ནས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་དང་མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དམིགས་བསལ་གྱི་འགན་འཁྲི་འཁུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་ལག་ལེན་བསྟར་ནས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"