མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཏེ་སུའོ་ས་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་09ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5ཚེས་7ཉིན་གྱི་དགོང་མོ་ཕོར་ཐིའུ་ཀལ་གྱི་ཙུང་ཐུང་ཏེ་སུའོ་ས་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཁྱེད་ཀྱིས་འཕྲིན་ཡིག་བསྐུར་ཏེ་ཀྲུང་གོ་མི་དམངས་ལ་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱིས་ཕྱར་བ་གྲུ་འདེགས་བྱེད་དགོས་ཤིང་། ཕོར་ཐིའུ་ཀལ་ཕྱོགས་ཀྱི་རིམས་ནད་འགོག་རྒོལ་གྱི་འབད་བརྩོན་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་མུ་མཐུད་བྱས་ཏེ། ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཀྲུང་གོ་ནས་སྨན་བཅོས་དངོས་ཟོག་ཉོ་སྒྲུབ་དང་དབོར་འདྲེན་ཐད་གཞོགས་འདེགས་ཧུར་ཐག་བྱེད་འདོད་ཡོད། རིམས་ནད་མཇུག་འགྲིལ་རྗེས་ཕྱོགས་གཉིས་པོའི་དབར་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། སྤྱི་པའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གསུམ་མཉམ་ལས་འཚོལ་ཞིབ་བྱེད་པ། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད། ངེད་གཉིས་དབར་གྱི་མཛའ་མཐུན་ལ་ངས་གཅེས་སྤྲས་བྱས་ནས་ཁྱེད་དང་མུ་མཐུད་སྤེལ་རེས་རྒྱུན་འཁྱོངས་བྱ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ནི་མིའི་རིགས་ཀྱིས་གནོད་འཚེ་སྣ་ཚོགས་ལ་རྒྱུན་ཆད་མེད་པར་འགོག་རྒོལ་དང་དེ་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ཤིག་རེད། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོའི་ཕྲག་ཐོག་གི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་རེད། རྒྱལ་ཁབ་ཁག་གིས་ལས་དབང་གཅིག་མཐུན་གྱི་འདུ་ཤེས་བཟུང་ནས་མཐུན་སྒྲིལ་རོགས་རེས་བྱས་ཚེ། གཞི་ནས་དུས་རབས་རང་བཞིན་གྱི་དཀའ་གནད་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དམིགས་ཚད་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་མཐུན་སྦྱོར་ཐད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འདོན་དགོས་ངེས་ཀྱི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས་པ་མ་ཟད། ད་དུང་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་དབར་དང་ཀྲུང་གོ་དང་ཕོར་ཐིའུ་ཀལ་དབར་ལག་གདང་སྦྲེལ་ནས་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
     ཏེ་སུའོ་ས་ཡིས་ཀྲུང་གོ་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་རིང་མངོན་པའི་བློ་རྩ་བརྟན་པའི་དད་སེམས་ལ་ཕོར་ཐིའུ་ཀལ་ཕྱོགས་ཀྱིས་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ཏོག་གསར་གློ་ཚད་ཀྱི་རིམས་ནད་ནི་འགྲོ་བ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་དགྲ་བོ་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་ཕྱར་བ་གྲུ་འདེགས་ངང་ཁ་གཏད་གཅོག་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། དེས་ཕོར་ཐིའུ་ཀལ་ཕྱོགས་ཀྱི་རིམས་ནད་ལ་འགོག་རྒོལ་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཕོར་ཐིའུ་ཀལ་དང་ཀྲུང་གོའི་མཛའ་མཐུན་ལ་བརྟེན་ནས་རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་ངེས་ཡིན་ལ། ཕོར་ཐིའུ་ཀལ་དང་ཀྲུང་གོའི་རོགས་ཟླའི་འབྲེལ་བ་སྔར་བས་བརྟན་དུའང་འགྲོ་ངེས་ཡིན། རིམས་ནད་མཇུག་འགྲིལ་རྗེས་གང་མགྱོགས་སྐུ་ཉིད་དང་ལྷན་དུ་ཐུག་འཕྲད་བྱེད་པ་དང་དེ་བཞིན་ཕོར་ཐིའུ་ཀལ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་ལ་མཉམ་དུ་སྐུལ་མ་གཏོང་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

  
style="display:none;"