འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་8ཉིན།

༄༅༎ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བསྟན་དོན། སྒུལ་བདེའི་སྐད་འཕྲིན་ཁྲིམས་ཁང་གིས་འདྲི་རྩད་བྱེད་ཚད་
མི་ཐེངས་དུང་ཕྱུར་2.7ལྷག་ཙམ་ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་08ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཀྲུང་གོ་སྒུལ་བདེའི་སྐད་འཕྲིན་ཁྲིམས་ཁང་གིས་མང་ཚོགས་ཚོར་གཅིག་འཐུས་རྣམ་པའི་དྲ་ཐོག་ནས་གྱོད་གཞི་ཐོ་འགོད་དང་། རྒྱང་ཁྲིད་ཁྲིམས་རའི་འདྲི་ཞིབ། དྲ་ཐོག་ནས་འདུམ་འགྲིག་གྲོས་མཐུན་ལ་མིང་རྟགས་འགོད་པ། དཔང་རྟགས་བརྗེ་རེས་སོགས་ཀྱི་གཏུག་བཤེར་ཞབས་ཞུ་མཁོ་འདོན་བྱས་པས་སྤྱོད་མཁན་མི་གྲངས་ཇེ་མང་དུ་སོང་ཡོད། འདི་ལོའི་ཟླ་3ཚེས་31ཉིན་བར། ཀྲུང་གོ་སྒུལ་བདེའི་སྐད་འཕྲིན་ཁྲིམས་ཁང་གི་མིང་ངོ་མ་འགོད་པའི་སྤྱོད་མཁན་མི་གྲངས་ཁྲི་139ལྷག་ཙམ་ཟིན་པ་དང་རིམ་རྩིས་བྱས་ན་འདྲི་རྩད་བྱེད་ཚད་མི་ཐེངས་དུང་ཕྱུར་2.7ལྷག་ཙམ་ཟིན་ཡོད།
     ཆེས་མཐོའི་མི་དམངས་ཁྲིམས་ཁང་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ཞུས་ཅན་ཧྥེང་གིས་ངོ་སྤྲོད་བྱས་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། རྒྱལ་ཡོངས་ཀྱི་ཁྲིམས་ཁང་གིས་རིག་ནུས་ཁྲིམས་ཁང་སྐྲུན་པའི་ཕན་འབྲས་གང་ལེགས་སྤྱད་དེ་ཀྲུང་གོ་སྒུལ་བདེའི་སྐད་འཕྲིན་ཁྲིམས་ཁང་གི་ལས་སྟེགས་ལ་བརྟེན་ནས་དམིགས་བསལ་དུས་སྐབས་རིང་མི་དམངས་མང་ཚོགས་ཞུ་གཏུག་ནང་ཞུགས་རྒྱུ་འགན་ལེན་ནུས་ལྡན་བྱས་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་རྒྱལ་ཡོངས་ཀྱི་མཐོ་རིམ་མི་དམངས་ཁྲིམས་ཁང་32ཚང་མར་ཀྲུང་གོ་སྒུལ་བདེའི་སྐད་འཕྲིན་ཁྲིམས་ཁང་དྲ་ཐོག་ལ་བཙུགས་པ་དང་འབྲེལ། ལས་སྒོ་གཉེར་བས་རྒྱལ་ཡོངས་ཀྱི་ཁྲིམས་ཁང་ས་ཁོངས་སྒྲོལ་ནས་གྱོད་གཞི་ཐོ་འགོད་བྱ་རྒྱུ་ཡོངས་ཁྱབ་བྱུང་ཡོད། འདི་ལོའི་ཟླ་3པར་ཀྲུང་གོ་སྒུལ་བདེའི་སྐད་འཕྲིན་ཁྲིམས་ཁང་སྤྱོད་མཁན་མི་ཐེངས་ཁྲི་39ཙམ་འཕར་བ་དེ་ཟླ་གོང་མ་ལས་86.78%འཕར་བ་དང་། འདྲི་རྩད་བྱེད་མཁན་མི་ཐེངས་ཁྲི་208ཙམ་ཟིན་པ་དེ་ཟླ་གོང་མ་ལས་53.68%འཕར་ཡོད།