འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་7ཉིན།

༄༅།།བོད་བྱང་ཐང་གི་འབྲོག་མོ་བསམ་གཏན་མཁའ་འགྲོའི་ལས་གཏོད་ཕྱུག་འགྱུར་ལམ་བུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་07ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གྲོང་གི་རླངས་འཁོར་བཀྲུ་ས་ཞིག་ཏུ་འདི་ལོ་ལོ་35ལ་སླེབས་པའི་བོད་རིགས་བུད་མེད་བསམ་གཏན་མཁའ་འགྲོས་ནན་ཏན་གྱིས་རླངས་འཁོར་གྱི་སྒེའུ་ཁུང་འཕྱིད་བཞིན་ཡོད་པ་དང་ལས་མི་སྒྲོལ་མས་དེའི་འགྲམ་དུ་རླངས་འཁོར་གཙང་འཁྲུས་བྱེད་བཞིན་ཡོད།
    རླངས་འཁོར་བཀྲུ་ས་ཆུང་ཆུང་དེར་བསམ་གཏན་མཁའ་འགྲོས་ལོ་བདུན་དཀའ་ལས་བརྒྱབ་པས་ད་ཆ་ཁོང་སྦྱིན་བདག་ཏུ་གྱུར་བ་རེད།
    བསམ་གཏན་མཁའ་འགྲོ་དེ་སྔོན་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་བུད་མེད་དབུལ་པོ་ཞིག་ཡིན་པ་དང་སློབ་ཆུང་འགྲིམ་མ་ཚར་གོང་སློབ་མཚམས་འཇོག་དགོས་བྱུང་། “སྐབས་དེ་དུས་ཉིན་ལྟར་སྤུན་མཆེད་ཚོར་ཕྱུགས་འཚོ་རོགས་བྱེད་རྒྱུ་ལས་གཞན་གང་ཡང་ཤེས་ཀྱི་མེད”ཅེས་བསམ་གཏན་མཁའ་འགྲོས་དྲན་གསོ་བྱེད་བཞིན་དུ་བཤད།
    2013ལོར་ལས་ལ་བརྩོན་པའི་བསམ་གཏན་མཁའ་འགྲོ་ཕ་ཡུལ་ནས་ཁ་བྲལ་ཏེ་ལྷ་སར་ལས་ཀ་འཚོལ་བར་ཡོང་། ཁོང་གིས་ཞིང་པ་ལས་མི་སོགས་ལས་ཀ་སྣ་ཚོགས་བྱས་ནས་མི་གཞན་དང་སྤེལ་རེས་བྱས་པས། བསམ་བློར་འགྱུར་ལྡོག་བྱུང་ཡོད།
    “མི་གཞན་ལ་ཡོང་འབབ་རག་པ་མཐོང་སྐབས་རང་ཉིད་ལའང་ཡོང་འབབ་གསོག་པའི་བསམ་བློ་འཁོར་བྱུང”ཞེས་བསམ་གཏན་མཁའ་འགྲོས་བཤད།
   2016ལོར་ཕ་ཡུལ་དུ་ལོག་པའི་བསམ་གཏན་མཁའ་འགྲོས་སོ་ཕག་བཟོ་བའི་ཚོང་དེ་བློ་ལ་བབས་ནས་རང་ཉིད་ཀྱི་ཨར་རྒྱག་རུ་ཁག་བཙུགས་པ་དང་ཚོགས་མི་མང་ཤོས་སུ་མི་20ལྷག་ཙམ་ཡོད་པ་རེད།
    “སྐབས་དེ་དུས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ལག་ལེན་བསྟར་བ་དང་སྟབས་འཁེལ་བས། ཉིན་ལྟར་སོ་ཕག་2000ལྷག་ཙམ་བཟོ་དགོས་པ་དང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་རག་གི་འདུག”ཅེས་བསམ་གཏན་མཁའ་འགྲོས་བཤད།
    སོ་ཕག་བཟོ་བའི་ཚོང་ལམ་ལྷོངས་བྱུང་རྗེས་བསམ་གཏན་མཁའ་འགྲོར་ལས་གཏོད་ཀྱི་སེམས་ཤུགས་འཕེལ་ཏེ་ཁོང་གིས་སླར་ཡང་ཕྱུག་འགྱུར་ལམ་བུ་འཚོལ་འགོ་བརྩམས། ལོ་འདི་དག་རིང་ཉི་མ་རྫོང་གྲོང་གི་ལམ་བུ་རྒྱ་ཆེ་རུ་ཕྱིན་པ་དང་གསོལ་མགྲོན་ཁང་དང་ཚོང་ར་མང་དུ་ཕྱིན་པ་མ་ཟད། རླངས་འཁོར་ཡང་ཇེ་མང་དུ་སོང་ཡང་རླངས་འཁོར་བཀྲུ་ས་མེད་པ་ཤེས།
     ས་གནས་འདི་གའི་སྲིད་གཞུང་གི་རོགས་རམ་འོག་བསམ་གཏན་མཁའ་འགྲོས་མ་དངུལ་སྒོར་ཁྲི་14བཏང་ནས་རྫོང་གྲོང་དུ་རླངས་འཁོར་བཀྲུ་ས་ཞིག་བཙུགས།
    “2019ལོའི་ཟླ་5པར་རླངས་འཁོར་བཀྲུ་ས་དེ་སྒོ་ཕྱེ་བ་ནས་བཟུང་ཚོང་ཡག་པོ་བྱུང”ཞེས་རླངས་འཁོར་བཀྲུ་སའི་གཉེར་སྐྱོང་བྱེད་ཚུལ་སྐོར་གླེང་སྐབས་བསམ་གཏན་མཁའ་འགྲོའི་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར།
    བསམ་གཏན་མཁའ་འགྲོ་གླ་པ་ཞིག་ནས་སྦྱིན་བདག་ཏུ་གྱུར་བ་ནི་ནག་ཆུ་གྲོང་ཁྱེར་གྱིས་མང་ཚོགས་དབུལ་པོར་རང་བརྟེན་ལས་གཏོད་བྱེད་རྒྱུར་སྣེ་ཁྲིད་ཧུར་ཐག་བྱས་པའི་བསྡུས་རིས་ཤིག་རེད། 2019ལོར་ནག་ཆུ་གྲོང་ཁྱེར་གྱིས་མངགས་ཐོ་རྣམ་པའི་གསོ་སྦྱོང་བྱས་པས་མི་3550ལས་ཞུགས་ཐུབ་ཡོད། ཉི་མ་རྫོང་ཁོ་ནར་མང་ཚོགས་35ཡིས་ཇ་ཁང་དང་། ཉམས་བཟོ་ཁང་། ཚོང་ཁང་སོགས་འཛུགས་པའི་ཐབས་ལ་བརྟེན་ནས་རང་བརྟེན་ལས་གཏོད་ཐུབ་པ་དང་། རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་51.2བྱུང་ཡོད།