འཚོལ་བཤེར།   
藏文频道
2020ལོའི་ཟླ་5ཚེས་7ཉིན།

༄༅།།མཚོ་བོད་ལྕགས་ལམ་གྱི་ཉེན་རྟོག་པ་སྐལ་བཟང་སྐྱིད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 05ཚེས་06ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མཚོ་བོད་ལྕགས་ལམ་གྱི་ཉེན་རྟོག་པ་སྐལ་བཟང་སྐྱིད།
    མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་4ཉིན། “ལྔ་གཅིག་”གུང་སེང་མཇུག་སྒྲིལ་ལ་ཉེ་བ་དང་། ཟི་ལིང་མེ་འཁོར་འབབ་ཚུགས་སུ་ཕྱིར་ལོག་མཁན་ཇེ་མང་དུ་གྱུར། མེ་འཁོར་འབབ་ཚུགས་སུ་སྐོར་ཞིབ་བྱེད་བཞིན་པའི་བུད་མེད་ཉེན་རྟོག་པ་སྐལ་བཟང་སྐྱིད་ཀྱིས་ཕར་འགྲོ་ཚུར་འོང་གི་མགྲོན་པོ་དག་ལ་ལྟ་བཤེར་བྱེད་བཞིན་འདུག 
“དུས་ཆེན་གྱི་གུང་སེང་མང་ཆེ་བར་ལས་གནས་སུ་ཞུགས་ཤིང་། ཁྱིམ་མི་ཚོ་དང་མཉམ་དུ་གུང་སེང་ཕལ་ཆེར་བཏང་མ་མྱོང་”ཞེས་སྐལ་བཟང་སྐྱིད་ཀྱིས་འཛུམ་མདངས་ངང་བཤད། བྲོས་བྱོལ་རྩད་གཅོད་དང་རྗེས་འདེད་བྱེད་མཁན་གྱི་བུད་མེད་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས། དུས་ཆེན་གྱི་གུང་སེང་ཁག་ལ་སྔར་བས་དོགས་ཟོན་བྱེད་དགོས་པ་རེད། 
    “དུས་རྣམ་ཀུན་ཏུ་མེ་འཁོར་འབབ་ཚུགས་ཀྱི་ཕྱོགས་སོ་སོར་ཞིབ་ལྟ་བྱེད་དགོས་ཤིང་། ཁྱད་པར་དུ་ནམ་རྒྱུན་དང་མ་འདྲ་བའི་གནས་ཚུལ་ལ་དོགས་ཟོན་ཆེན་པོ་བྱེད་དགོས།”ཞེས་སྐལ་བཟང་སྐྱིད་ཀྱིས་རང་ཉིད་ཀྱི་ལས་ཀ་ངོ་སྤྲོད་བྱས། ནམ་རྒྱུན་དང་མ་འདྲ་བའི་གནས་ཚུལ་བྱུང་བའི་འགྲུལ་བ་མང་ཆེ་བ་ནི་དྲ་ཐོག་ཏུ་བྲོས་བྱོལ་བྱེད་མཁན་ཡིན། “གང་ལྟར་ཀྱང་ཁོང་ཚོར་སེམས་ནད་ཡོད་པས། ཉེན་རྟོག་པ་རིག་ན་རང་རྟགས་ཤར་ཡོང་ངེས་ཡིན།” 2015ལོར་ཟི་ལིང་འབབ་ཚུགས་སུ་ལས་སྤོར་བྱས་པ་ནས་བཟུང་། སྐལ་བཟང་སྐྱིད་ཀྱིས་ཁྱོན་དྲ་ཐོག་ཏུ་བྲོས་བྱོལ་བྱེད་མཁན་23བཟུང་ཡོད་ཅིང་། མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་ཀྱི་མི་སྒེར་གྱི་བྱས་རྗེས་རིམ་པ་གསུམ་པ་ཐེངས་3ཐོབ་མྱོང་ཡོད། 
    “རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ། འགྲུལ་བ་འགྲོ་འོང་བྱེད་ཚད་ཉུང་དུ་གྱུར་ནའང་། ང་ཚོས་ལྷོད་གཡེང་གཏན་ནས་བྱས་མ་མྱོང་།”ཞེས་སྐལ་བཟང་སྐྱིད་ཀྱིས་དེ་ལྟར་བཤད། རྒྱུན་ལྡན་གྱི་བདེ་འཇགས་ཞིབ་བཤེར་བྱས་པར་བརྒྱུད། རིམས་ནད་བྱུང་བའི་རིང་ལ་ཁོ་ཚོས་ད་དུང་ཕྱི་ནས་ཡོང་བའི་མི་སྣ་གྲལ་བཤེར་གྱི་ལས་འགན་འཁུར་ཡོད། “རིམས་ནད་ལ་འཐབ་པ་དང་། ཡང་ན་བྲོས་བྱོལ་རྩད་གཅོད་དང་རྗེས་འདེད་བྱེད་པ་གང་ཡིན་རུང་། ང་ཚོ་ནི་ནམ་ཡང་འཐབ་ས་དང་པོར་ཡོད།”
    བདེ་འཇགས་ཞིབ་བཤེར་མི་སྣ་ཞིག་གིས་“རྒན་ལགས། ཁྱེད་ཀྱི་ཁུག་མའི་ནང་གི་ཅ་ལག་བདེ་འཇགས་ཞིབ་བཤེར་འཕྲུལ་ཆས་ཀྱིས་གསལ་པོ་མཐོང་ཐུབ་ཀྱི་མི་འདུག ང་ཚོས་ཁུག་མ་ཁ་ཕྱེ་ནས་ཞིབ་བཤེར་བྱེད་དགོས། ང་ཚོའི་ལས་ཀར་མཐུན་སྦྱོར་གནང་རོགས།”ཞེས་བོད་རིགས་འགྲུལ་བ་གཉིས་ལ་ཁ་བརྡ་ལག་བརྡ་བྱེད་བཞིན་པ་མཐོང་ནས། ལས་བྲེལ་ཆེ་བའི་སྐལ་བཟང་སྐྱིད་འཕྲལ་དུ་དེའི་ཕྱོགས་སུ་ཕྱིན། 
    བདེ་འཇགས་ཞིབ་བཤེར་མི་སྣ་དང་གནས་ཚུལ་རྒྱུས་ལེན་བྱས་རྗེས། སྐལ་བཟང་སྐྱིད་ཀྱིས་རྒྱུ་མཚན་ཚང་མ་གོ་བྱུང་། བོད་རིགས་འགྲུལ་བ་གཉིས་ཀས་བདེ་འཇགས་ཞིབ་བཤེར་མི་སྣའི་སྐད་ཆ་མ་གོ་བས། ཁུག་མ་དམ་དུ་འཁྱུད་ནས་བདེ་འཇགས་ཞིབ་བཤེར་མི་སྣར་མ་བསྟན། སྐལ་བཟང་སྐྱིད་ཀྱིས་ཁོང་གཉིས་ལ་བོད་སྐད་ཀྱིས་འབྲེལ་ཡོད་གནས་ཚུལ་གསལ་བཤད་ཁ་གསལ་བྱས་པ་དང་། ཁོང་གཉིས་ཀྱིས་ད་གཟོད་གནས་ཚུལ་ཧ་གོ་ནས་རང་འགུལ་གྱིས་ཁུག་མ་ཁ་ཕྱེ་སྟེ་ཞིབ་བཤེར་བྱེད་དུ་བཅུག་པ་རེད། འགྲོ་ཁར་བོད་རིགས་འགྲུལ་པས་སྐལ་བཟང་སྐྱིད་ལ་མཐེ་བོང་སྒྲེང་ནས་བཀའ་དྲིན་ཆེ་ཞུས། 
    “དུས་རྒྱུན་དུ་སྐོར་ཞིབ་བྱེད་དུས་འདི་འདྲའི་གནས་ཚུལ་འཕྲད་བཞིན་འདུག ང་ནི་བོད་རིགས་རེད། བོད་སྐད་ཤེས། འདི་འདྲའི་གནས་ཚུལ་དང་འཕྲད་སོང་ན་རོགས་རམ་བྱ་ངེས་ཡིན།”ཞེས་སྐལ་བཟང་སྐྱིད་འཛུམ་མདངས་དང་བཅས་བཤད། 
   རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རིང་། གལ་ཏེ་གོ་བརྡ་སྤྲོད་པའི་ཐད་ལ་གནད་དོན་བྱུང་ཚེ། སྐལ་བཟང་སྐྱིད་ཀྱིས་རང་ཉིད་ཀྱི་ཕ་སྐད་ཀྱི་ལེགས་ཆར་བརྟེན་ནས་རོགས་རམ་མཁོ་འདོན་བྱས་པ་རེད། ཉིན་གཅིག་གི་ལས་ཀའི་མཇུག་སྒྲིལ་རྗེས། རྟག་ཏུ་སྐད་ཀྱང་འགག་འདུག 
   སྐལ་བཟང་སྐྱིད་ལ་ལོ་7ཅན་གྱི་བུ་ཞིག་དང་ལོ་1དང་ཟླ་8ཟིན་པའི་བུ་མོ་ཞིག་ཡོད། ཁྱོ་ག་གུ་རུ་རྡོ་རྗེ་ནི་ཟི་ལིང་ལྕགས་ལམ་སྤྱི་བདེ་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མྱུལ་ཞིབ་མི་སྣ་ཞིག་ཡིན་ལ། དུས་རྒྱུན་ཕྱི་རོལ་ཏུ་ལས་དོན་སྒྲུབ་པར་འགྲོ་དགོས་པས། བུ་ཕྲུག་ལྟ་སྐྱོང་གི་ལས་འགན་ནི་ཕ་མ་ལ་བཅོལ་དགོས་ཐུག་ཡོད། 
    ས་གནས་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་ཇེ་བཟང་དུ་གྱུར་བ་དང་བསྟུན། ཟི་ལིང་མེ་འཁོར་འབབ་ཚུགས་ལའང་རིམ་བཞིན་སྔོན་མ་ལྟར་ཟང་ཟིང་དུ་འགྱུར་བཞིན་ཡོད། 
༄༅།།མཚོ་བོད་ལྕགས་ལམ་གྱི་ཉེན་རྟོག་པ་སྐལ་བཟང་སྐྱིད།