འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་29ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་2020
ལོའི་ཟླ་5ཚེས་22ཉིན་པེ་ཅིང་དུ་འཚོག་རྒྱུ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་29ཉིན། 16:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན།  ཟླ་4ཚེས་29ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་རྒྱུའི་དུས་ཚོད་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། གཏན་འབེབས་གཞིར་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་2020ལོའི་ཟླ་5ཚེས་22ཉིན་པེ་ཅིང་དུ་འཚོག་རྒྱུ་རེད།
    ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་རྒྱལ་ཡོངས་ཀྱི་གོང་འོག་ཚང་མའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ནས། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བ་རིམ་བཞིན་རྒྱུན་གཏན་ལྟར་སླར་གསོ་བྱུང་ཡོད། ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་པའི་ཆ་རྐྱེན་འཛོམས་ཡོད།
      2019ལོའི་ཟླ་12ཚེས་28ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་2020ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་རྒྱུ་དང་། ཚོགས་འདུའི་གྲོས་རིམ་དང་གྲོས་འགོ་ཡང་བཏོན་པ་རེད། གཏན་འབེབས་དེ་གཞིར་བཟུང་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་ཆེན་འཚོག་རྒྱུར་གྲ་སྒྲིག་ལས་དོན་རབ་དང་རིམ་པ་བྱས་ཡོད།  
    ཏོག་གསར་གློ་ཚད་རིམས་ནད་ཚབས་ཆེན་ཐོན་པར་དམིགས་ནས། ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པ་བཅས་ཀྱི་ཆེད་དུ། 2020ལོའི་ཟླ་2ཚེས་24ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུ་ནར་འགྱངས་འོས་འཚམ་བྱེད་པའི་གཏན་འབེབས་བྱས་པ་དང་། ཚོགས་འདུའི་ཞིབ་ཕྲའི་དུས་ཚོད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལོགས་སུ་གཏན་འཁེལ་བྱ་རྒྱུ་བསྟན་པ་རེད།
   ཕྱོགས་གང་ཅིའི་ཐད་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་གཏན་འཁེལ་བྱས་པ་སྟེ། 2020ལོའི་ཟླ་5ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་པེ་ཅིན་དུ་འཚོག་རྒྱུ་ཡིན་པ་རེད།