འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་29ཉིན།

༄༅༎མཚོ་སྔོན་པོའི་དར་ཁ་ཞིག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་29ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་4ཚེས་24ཉིན་མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཡག་མོ་གྲོང་ཚོའི་བོད་རིགས་འབྲོག་པ་བཀྲ་མགོན་གྱིས་མཚོ་སྔོན་པོའི་མཚོ་འགྲམ་དུ་གད་སྙིགས་སྒྲུག་བཞིན་པ།
འདི་ནི་ཟླ་4ཚེས་24ཉིན་མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཡག་མོ་གྲོང་ཚོའི་བོད་རིགས་འབྲོག་པ་བཀྲ་མགོན་གྱིས་མཚོ་སྔོན་པོའི་མཚོ་འགྲམ་དུ་གད་སྙིགས་སྒྲུག་བཞིན་པ།
     དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་སྦྲགས་ཟླ་4པའི་ཟླ་མཇུག་ཏུ་མཚོ་བོད་ས་མཐོའི་སྐྱེ་དངོས་ཐམས་ཅད་དགུན་གྱི་མལ་ལས་བསླངས་པ་ཇི་བཞིན་མཚར་སྡུག་གི་ལང་ཚོ་ངོམ་པ་དང་། ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་པོའི་འཁྱགས་པ་ཡང་བཞུར་འགོ་ཚུགས།
     ཡུལ་སྐོར་བའི་གྲུ་གཟིངས་མཚོ་ཐོག་ཏུ་སྐྱོད་འགོ་ཚུགས་ཤིང་།“ཟླ་བཞི་པའི་ཟླ་འགོ་ནས་བཟུང་ང་ཚོས་མཚོ་མོ་དར་ཁ་ཞིག་རྒྱུ་སྒུག་ནས་བསྡད་པ་ཡིན”ཞེས་གྲུ་གཟིངས་ཀྱི་བདེ་འཇགས་གསལ་འགྲེལ་པ་མཱ་ལན་ཧྥང་གིས་དེ་ལྟར་བཤད། ཡུལ་སྐོར་གྲུ་གཟིངས་ཀུང་སི་དེར་ལས་མི་112ཡོད་པ་དང་ཁོང་ཚོས་མཛེས་ལྗོངས་ཁུལ་གྱི་འགྲུལ་སྐྱེལ་གྲུ་གཟིངས་28དང་མགྱོགས་གྲུ་17བདག་སྐྱོང་བྱེད་བཞིན་ཡོད་པས། ཡུལ་སྐོར་བ་མང་བའི་དུས་ཚིགས་སླེབས་རྒྱུ་སྒུག་ནས་བསྡད་ཡོད་པ་རེད།
     ཀན་སུའུ་ཡི་ཡུལ་སྐོར་བ་མགོན་མོ་མཚོ་ཡིས་དགའ་ཚོར་ཆེན་པོས་ནང་མི་དང་མཉམ་དུ་མཚོ་འགྲམ་དུ་པར་བརྒྱབ།ཁོང་གིས“ནང་ལ་ཟླ་བ་ཁ་ཤས་འཛུལ་བསྡད་པ་ཡིན། ད་ཆ་གཞི་ནས་ཡིད་སྨོན་འཆོར་སའི་མཚོ་སྔོན་པོར་འབྱོར་སོང་། དེ་ནི་འདི་ལོ་ངས་འགྲོ་བསམ་པའི་མཛེས་ལྗོངས་ཁུལ་དང་པོ་དེ་ཡིན”ཞེས་བཤད།
     “མཚོ་མོ་དར་ཁ་ཞིག་པ་དེ་ལས་ཡུལ་སྐོར་བ་མང་དུ་འགྲོ་རྒྱུ་ཡིན་པ་མཚོན་གྱི་ཡོད”ཅེས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུས་ཡུལ་སྐོར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེན་ཏེ་ཧུའེ་ཡིས་དེ་ལྟར་བཤད།
     མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དུ་མཚོ་འགྲམ་རུ་སྡེའི་སྣོད་བཅུད་རིག་གནས་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིའི་འགན་འཁུར་བ་རྒྱ་མཚོས་ལས་རོགས་དང་མཉམ་དུ་ངལ་རྩོལ་དུས་ཆེན་རིང་སྐུ་མགྲོན་ལ་བསུ་བ་ཞུ་བའི་བྱེད་སྒོ་ཇི་ལྟར་སྤེལ་མིན་ཐད་གྲོས་བསྡུར་བྱེད་བཞིན་འདུག ཁོང་གིས“སྲིད་གཞུང་གིས་ཤུགས་ཆེའི་རྒྱབ་སྐྱོར་གནང་བྱུང་། ང་ཚོས་གྲ་སྒྲིག་ཨང་བསར་བྱས་ཟིན། ཟླ་3ཚེས་7ཉིན་ལས་འགོ་བསྐྱར་འཛུགས་བྱས་ནས་ད་བར་ཀུང་སིར་གཟིགས་སྐྱོང་སྲིད་ཇུས་མི་ཉུང་བ་ལོངས་སྤྱོད་བྱེད་རྒྱུ་བྱུང་། ལོ་འཁོར་མོའི་ཁང་གླ་ནས་10%གཅོག་རྒྱུའི་ཚད་གཞི་གཞིར་བཟུང་གྲོང་རྡལ་གྱིས་ང་ཚོར་ཁང་གླ་སྒོར་ཁྲི་1.2ཆག་ཡང་བཏང་བ་མ་ཟད་ད་དུང་རིམས་འགོག་དངོས་ཟོག་ཀྱང་སྤྲད་བྱུང་། གཟའ་འཁོར་འགའ་ཤས་གོང་ང་ཚོས་སླར་ཡང་སྒོར་ཁྲི་50ཡི་དངུལ་བུན་གཡར་བ་ཡིན། དེ་དག་ཉིན་འགའ་ཤས་རྗེས་འབྱོར་རྒྱུ་རེད”ཅེས་བཤད།
     “ང་ཚོས་ཆེད་མངགས་ཡུལ་སྐོར་གཉེར་སྐྱོང་མཁན་ལ་དངུལ་རྩའི་འབྲེལ་མཐུད་ཚོགས་འདུ་འཚོགས་ཏེ་མ་དངུལ་སྒོར་དུང་ཕྱུར་1.5བཏང་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་ཡོད”ཅེས་འོམ་ཆུ་གྲོང་རྡལ་གྱི་ཀྲེན་ཀྲང་ཅིན་ཡུང་ཆིང་གིས་དེ་ལྟར་བཤད།
     དཔྱིད་ཀའི་དུས་སུ་ས་མཐོར་སྐབས་རེ་རླུང་བུ་ཆེན་པོ་རྒྱག་གི་ཡོད། འབྲོག་པ་བཀྲ་མགོན་གྱིས་རླུང་བུས་འཁྱེར་བའི་གད་སྙིགས་བླུགས་སྣོད་རྒྱུག་ཤར་གློད་ནས་འཛིན་ཐུབ་ཙམ་བྱུང་ཡོད།
     རྐང་ཚ་རྫོང་ཁྱོན་འཁྱིལ་ཤང་ཡག་མོ་གྲོང་ཚོར་ཡོད་པའི་འབྲོག་པ་བཀྲ་མགོན་ནི་དེ་སྔོན་གྲོང་ཚོའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། ན་ནིང་སྣོད་བཅུད་བདག་སྐྱོང་པར་གྱུར་རྗེས་མཚོ་འགྲམ་གྱི་སྤྱི་ལེ་དྲུག་ཡོད་པའི་རྩྭ་ར་སྲུང་སྐྱོང་བྱེད་ཀྱི་ཡོད་པ་དང་རྩྭ་རའི་ཐོག་གི་གད་སྙིགས་སྒྲུག་པར་ལོར་གླ་ཆ་སྒོར་ཁྲི་1.5ཡོད་པ་རེད།
     ས་གནས་དེ་གའི་འབྲོག་པས་མཚོ་སྔོན་པོའི་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་ཞིང་།“གད་སྙིགས་མེད་ཚེ་རྩྭ་རའི་ཁོར་ཡུག་ལེགས་སུ་དང་ཡུལ་སྐོར་བའང་མང་དུ་འགྲོ་ཡི་འདུག ངས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མཚོ་འདི་སྲུང་སྐྱོང་བྱེད་ཀྱི་ཡོད”ཅེས་བཀྲ་མགོན་གྱིས་བཤད།
     བཀྲ་མགོན་གྱིས་རྒྱང་རིང་ལ་ལྟ་སྐབས་མཚོ་སྔོན་པོ་དང་།ནམ་མཁའ། རྩྭ་ཐང་བཅས་གཅིག་ཏུ་འདྲེས་པ་ལྟར་དུ་སྣང་ཞིང་། མི་རབས་ནས་མི་རབས་བར་མཚོ་འགྲམ་དུ་འཚོ་གནས་བྱེད་མཁན་འབྲོག་པ་ཚོར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དཔྱིད་དཔལ་ཞིག་བཞད་བཞིན་ཡོད་པ་རེད།