འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་27ཉིན།

༄༅༎ཡུན་ནན་བདེ་ཆེན་ཀྲོའུ་ཡིས་ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་27ཉིན། 09:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་དྲ་བར་གློག་འཕྲིན་འབྱོར་གསལ། ཟླ་བཞི་པ་ནས་བཟུང་། བདེ་ཆེན་ཀྲོའུ་རིག་གནས་ཡུལ་སྐོར་ཅུས་ཀྱིས། རྒྱ་ཆེའི་ཡུལ་སྐོར་བ་ཚོ་སེམས་ཀྱི་ཉི་ཟླར་དགའ་ཞིང་སྤྲོ་བའི་འགྲུལ་བཞུད་ཐེངས་གཅིག་བྱ་ཆེད། ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ཆེན་པོ་གསུམ་བཏོན་པ་སྟེ།
     གཅིག་ནི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་གི་སྤ་སེའི་རིན་གོང་50%གཅོག་རྒྱུ།
     རིམས་ནད་ཐོན་རྗེས་ཀྱི་ཡུལ་སྐོར་ཁྲོམ་རར་ཡང་བསྐྱར་གསོན་ཤུགས་རྒྱས་པར་བྱ་ཆེད། ཟླ་4ཚེས་1ཉིན་ནས་བཟུང་། སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་ལག་བསྟར་བྱེད་པའི་A4རིམ་པ་ཡན་གྱི་མཛེས་ལྗོངས་ཁུལ(པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་། སྟག་མཆོངས་འགག་མཛེས་ལྗོངས་ཁུལ། ཁ་བ་དཀར་པོ་མཛེས་ལྗོངས་ཁུལ། སྲོང་བཙན་གླིང་མཛེས་ལྗོངས་ཁུལ། འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་སོགས)གྱི་སྤ་སེའི་རིན་གོང་2020ལོར་50%གཅོག་རྒྱུ་ཡིན་པ་རེད།
     གཉིས་ནི་ཀྲོའུ་ནང་ཁུལ་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་སྐབས་དཀའ་ངལ་འཕྲད་ཚེ་རིན་མེད་ངང་རོཌ་སྐྱོར་བྱ་རྒྱུ་ཡིན་པ།
     ཆ་སྙོམས་ས་བབ་མཐོ་ཚད་སྨི་3459ཟིན་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཁོངས་ཀྱི་ས་དབྱིབས་ལ་རི་ཁུལ་དང་། ས་མཐོ། གཞོང་ས། ལུང་གཞུང་སོགས་ཡོད་ལ། འདི་ལྟ་བུའི་ས་དབྱིབས་ལས་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཁོངས་ཀྱི་གཞུང་ལམ་མང་ཆེ་བ་རི་ལས་རི་བརྒྱུད་དུ་མ་བཟོས་ཐབས་མེད་བྱུང་ཡོད་པས། སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་ཚོར་དཀའ་ངལ་བཟོས་ཡོད། ད་ནས་བཟུང་། བདེ་ཆེན་ཀྲོའུ་ཁོངས་སུ་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་སྐབས་རླངས་འཁོར་ལ་གནད་དོན་གང་བྱུང་ཡང་ཁ་པར་བརྒྱབ་ན་ནམ་ཡང་རིན་མེད་རོགས་སྐྱོབ་ཞབས་ཞུ་ལོངས་སུ་སྤྱོད་ཆོག
     གསུམ་ནས་གྲོང་ཁུལ་གྱི་ཡུལ་སྐོར་བར་རིན་མེད་ངང་གསོ་རླུང་མཁོ་འདོན་བྱ་རྒྱུ།
     ས་བབ་མཐོ་ཁུལ་དུ་རླུང་གནོན་ཅུང་དམའ་བ་དང་གསོ་རླུང་མང་པོ་མེད་རྐྱེན་ཡུལ་སྐོར་བ་ཚོར་ལ་དུག་རྒྱག་པའི་སྣང་ཚུལ་ཐོན་སྲིད་ལ། ལྷག་པར་ཏུ་སེམས་ཀྱི་ཉི་ཟླའི་ཉེ་འགྲམ་དུ་གསོ་རླུང་ནི་ཡུལ་སྐོར་བ་མང་ཆེ་བའི་གྲ་སྒྲིག་བྱེད་དགོས་ངེས་ཤིག་ཏུ་གྱུར་ཡོད། ཡིན་ན་ཡང་གསོ་རླུང་གྲ་སྒྲིག་བྱས་མེད་པའི་ཡུལ་སྐོར་བ་ཁ་ཤས་ཀྱང་ཡོད་སྲིད་པས། བདེ་ཆེན་ཀྲོའུ་རིག་གནས་ཡུལ་སྐོར་ཅུས་ཀྱིས་དེའི་རིགས་ལ་དམིགས་ནས། སེམས་ཀྱི་ཉི་ཟླའི་གྲོང་ཁུལ་དུ་ཡོང་མཁན་ཡུལ་སྐོར་བ་ཚང་མས་སེམས་ཀྱི་ཉི་ཟླ་མི་དམངས་སྨན་ཁང་དུ་བསྐྱོད་དེ་རིན་མེད་གསོ་རླུང་རྔུབ་ཆོག་ཅེས་ཡོངས་བསྒྲགས་བྱས་པ་རེད།