འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་26ཉིན།

༄༅༎གངས་ལྗོངས་ས་མཐོའི་ཇ་ར་དང་པོའི“ལྗང་མདོག”དང“དམར་མདོག”

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་26ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཡིད་འོང་ཇ་རའི་ནང་གི་གསར་བརྗེའི་གནའ་ཤུལ“དམག་དཔོན་ཐོག་ཁང”ཡིན་པ།
འདི་ནི་ཡིད་འོང་ཇ་རའི་ནང་གི་གསར་བརྗེའི་གནའ་ཤུལ“དམག་དཔོན་ཐོག་ཁང”ཡིན་པ།
     རི་མཐོ་གཡང་གཟར་གྱི་གྲོག་རོང་ཁྲོད་ཁྲོན་བོད་གཞུང་ལམ་ཐོག་གི་ཐང་མེད་ཟམ་ཆེན་གྱིས་ཡིད་འོང་གཙང་པོ་འཕྲེད་བརྒལ་བྱས་ཡོད། གྲོག་རོང་བརྒྱུད་སྟོད་རྒྱུད་དུ་སྤྱི་ལེ་20ལྷག་ཙམ་བསྐྱོད་ན་བོད་ལྗོངས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ལྡན་པའི་ཇ་ར་དང་པོ་སྟེ་ཡིད་འོང་ཇ་ར་དེ་ཡངས་ཤིང་རྒྱ་ཆེ་བའི་ཡིད་འོང་མཚེའུའི་ངོགས་སུ་གནས་ཡོད།
     ཇ་རའི་ནང་ཐོག་མར་སླེབས་པས་ན་མཐའ་འཁོར་དུ་ནགས་ཚལ་གྱིས་བསྐོར་བ་དང་། ཡིད་འོང་མཚེའུ་ཡི་ཆུ་ཁར་གངས་རི་དང་སྤྲིན་དཀར་གྱི་ལྡོག་ཤར་གྲིབས་གཟུགས་འཆར་ལ། རབ་ཏུ་བཞད་པའི་ཁམ་བུའི་མེ་ཏོག་དང་པད་ཁའི་མེ་ཏོག་འཚང་ཁ་ཤིག་ཤིག་ངང་སྨུག་སྤྲིན་གསེབ་ནས་གསལ་ལ་མི་གསལ་དུ་འཆར་ཏེ་མཚེའུ་འགྲམ་གྱི་ཇ་ར་རེ་རེ་བཞིན་མཐའ་བསྐོར་ཡོད།
     ཡིད་འོང་ཇ་ར་ནི་བོད་ལྗོངས་སྤོ་མེས་རྫོང་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་2000ལྷག་ཙམ་ཟིན་གྱི་ཡོད། ཧིན་རྡུ་རྒྱ་མཚོའི་དྲོད་རླུང་གི་རྒྱུན་ཡར་ཀླུང་གཙང་པོའི་གྲོག་རོང་བརྒྱུད་ས་མཐོར་སླེབས་ཏེ་ཡིད་འོང་ཇ་ར་དང་དེ་བཞིན་མཐའ་འཁོར་ས་ཁུལ་ལ་ཚ་ཞིང་གཤེར་བའི་གནམ་གཤིས་དང་ཆར་ཆུ་འབེལ་བའི་གནམ་གཤིས་ལྡན་པར་འགྱུར་བ་རེད།
     ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན་གྱིས་ཇ་ལོ་རྒྱས་པར་ཕན་ལ། “ཡིད་འོང་ཇ་རའི་ཇ་ཤིང་ཡལ་འདབ་རྒྱས་པའི་དུས་ཚོད་ཅུང་རིང་བ་དང་འཚོ་བཅུད་ཀྱི་གྲུབ་ཆ་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། སྤུས་ཀ་ལེགས་ཤིང་བྲོ་བ་ཡག་པོ་ཡོད”ཅེས་ཀོང་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ཇ་ལོ་ཞིབ་འཇུག་ཁང་གི་བོད་སྐྱོར་རིགས་གཅིག་མཁས་ཅན། ཡིད་འོང་ཇ་རའི་ཐོན་སྐྱེད་པུའུ་ཀྲང་ཧོང་ཧྭ་ལིན་གྱིས་ངོ་སྤྲོད་བྱས།
     ཡིད་འོང་ཇ་རར་ད་ཆ་ཇ་ཞིང་མུའུ་6000ལྷག་ཙམ་ཡོད་པ་དང་སྲོལ་རྒྱུན་གྱི་ཇ་ལྗང་དང་ཇ་ནག་ཕུད། ཉེ་བའི་ལོ་ཤས་རིང་གསར་སྤེལ་བྱས་པའི“ཡིད་འོང་དམར་པོ(ཁྱད་རིམ)”ཞེས་པའི་ཇ་པ་ཏིའི་ཐོན་ཟོག་ལ་ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་ནས་དགོས་མཁོ་སྐོང་ཐུབ་ཀྱི་མེད། ཇ་རའི“གངས་ལྗོངས་ཇ་ལུང”ཞེས་པའི་ཚོང་རྟགས་དེ“བོད་རང་སྐྱོང་ལྗོངས་ཀྱི་ཁག་དགུ་པའི་གྲགས་ཅན་ཚོང་རྟགས”ནང་བདམས་ཐོན་བྱུང་བ་རེད།
     ཇ་རའི་ནང་དུ་ས་རྡོ་ལས་གྲུབ་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཆུང་ཆུང་ཞིག་ཀྲོང་ངེར་གནས་འདུག ཁང་པའི་མདུན་གྱི་རྡོ་རིང་ཐོག་ཚོན་རྩི་དམར་པོས“དམག་དཔོན་ཐོག་ཁང”ཞེས་པའི་རྒྱ་ཡིག་གི་ཡིག་འབྲུ་གསུམ་བྲིས་ཡོད་པས་ཐོག་ཁང་དེ་རྔམ་བརྗིད་ལྡན་ལ་ངོ་མཚར་ཅན་ཞིག་ཏུ་གྱུར་ཡོད།
     “དེ་ནི་དེ་སྔའི་ཅུན་ཤོག་བཅོ་བརྒྱད་པའི་ཅུན་ཀྲང་དམག་དཔོན་ཀྲང་གོ་ཧྭ་བོད་ལྗོངས་སུ་སྡོད་རིང་གི་གཞུང་ལས་སྒྲུབ་ཡུལ་དང་སྡོད་གནས་ཀྱི་གྲས་ཤིག་རེད། ང་ཚོའི་ཇ་རའི་ལོ་རྒྱུས་ཀྱང་དེ་སྔ་ཅུན་ཤོག་བཅོ་བརྒྱད་པ་བོད་ལྗོངས་སུ་སླེབས་པའི་དུས་བར་ཁུངས་འདེད་ཆོག”ཅེས་ཡིད་འོང་ཇ་རའི་ཁྲང་ཀྲང་གཞོན་པ་ཏའེ་པའོ་ཡིས་གསར་འགོད་པར་བཤད།
     ཡིད་འོང་ཇ་ར་དེ་1960ལོར་བཙུགས་པ་དང་དེ་སྔའི་ཅུན་ཤོག་བཅོ་བརྒྱད་པ་དང་རྗེས་མཐུད་དཔུང་སྡེའི་དཔོན་དམག་ཁག་གཅིག་ཡིད་འོང་དུ་བཅའ་སྡོད་བྱས་ནས་དམག་སྦོལ་ཞིང་ར་སྐྲུན་རྒྱུའི་འགན་འཁུར་བ་རེད། ལོ་གསུམ་གྱི་རྗེས་སུ“མཐའ་མཚམས་གསར་སྤེལ་དང་མཐའ་མཚམས་འཛུགས་སྐྲུན”གྱི་འབོད་སྐུལ་དང་ལེན་བྱ་ཆེད། དཔུང་སྡེའི་དཔོན་དམག་ཚོས་སི་ཁྲོན་མོང་ཏིང་ཇ་ར་ནས་སི་ཁྲོན་གྱི་ལོ་ཆུང་ཇ་སྡོང་ནང་འདྲེན་བྱས་པ་དང་འབྲེལ་ཚོད་འདེབས་ལེགས་གྲུབ་བྱུང་། དེ་ནས་བཟུང་བོད་ལྗོངས་ལ་ལོ་རྒྱུས་ཐོག་གཞི་ཁྱོན་ལྡན་པའི་ཇ་ཞིང་ཐོག་མ་དེ་ཡོད་པར་གྱུར། དེ་རྗེས་ཇ་རས་སྒྲིག་གཞི་སྒྱུར་བཅོས་དང་། ས་གནས་ཀྱིས་རྩིས་ལེན་དོ་དམ། ཁ་གཏད་བོད་སྐྱོར་སོགས་ཀྱི་དུས་མཚམས་མང་པོ་བརྒྱུད་དེ་ས་གནས་དེའི་ལོ་60ཡི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་བདེན་དཔང་བྱེད།
     “ཡིད་འོང་ཇ་ར་དེ་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པའི་གྲུབ་འབྲས་དང་ཐོན་དངོས་ཡིན་ལ། དེ་ཐོག་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་མཚོན་པ་དང་གསར་བརྗེའི་ལོ་རྒྱུས་དང་རིག་གནས་ཟབ་མོ་ལྡན་ཡོད”ཅེས་ཏའེ་པའོ་ཡིས་བཤད།
     “ང་ཚོས‘གངས་ལྗོངས་ས་མཐོའི་ཇ’དང‘གསར་བརྗེའི་ཡིད་འོང’ཞེས་པའི་མིང་བྱང་གཉིས་སྐད་གྲགས་ཆོད་པར་བཟོས་ནས་སྣོད་བཅུད་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཏའེ་པའོ་ཡིས་ཇ་རའི་གོམ་སྟབས་རྗེས་མའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཁོང་གིས“ཇ་ར་དང་ཡུལ་སྐོར་མཉམ་འགུལ་བྱས་ནས་ཇ་རར་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་ཇ་རར་སྐུལ་འདེད་བཏང་སྟེ། ‘ལྗང་མདོག’དང‘དམར་མདོག’དེ་ཡིད་འོང་ཇ་རའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་འགྱུར་བ་བྱ་རྒྱུ་ཡིན”ཞེས་བརྗོད།
     ད་ཆ་མཛེས་སྡུག་ལྡན་པའི་ཡིད་འོང་ཇ་ར་ཡང་རི་ཁྲོད་ནས་ཐོན་ཏེ་བོད་ལྗོངས་ཀྱི་ཇའི་ཐོན་ལས་འཕེལ་རྒྱས་ཁྲོད་སྐྱེ་སྟོབས་གསར་པ་འཕེལ་བཞིན་ཡོད།
     ཡིད་འོང་དང་བར་ཐག་སྤྱི་ལེ་400ལྷག་ཙམ་ཆོད་པའི“བོད་ལྗོངས་ཀྱི་སྔོ་ལྗང་ཁུལ་ཆུང་ངུ”རྫ་ཡུལ་རྫོང་གིས་ཉེ་བའི་ལོ་ཤས་རིང་དེའི་ཐུན་མོང་མ་ཡིན་པའི་ཚ་ཁུལ་གྱི་གནམ་གཤིས་དང་ས་བབ་ཅུང་དམའ་བའི་རང་བྱུང་ཁོར་ཡུག་སྤྱད་དེ་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ཞིང་པ་དབུལ་སྒྲོལ་འབབ་འཕར་ཡོང་བའི་ཐོན་ལས་གསར་པར་གྱུར་ཡོད། ཧྲེན་ཀྲེན་བོད་སྐྱོར་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་། རྫ་ཡུལ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལིའུ་ཀྲེན་ཁྲུན་གྱིས“སྔོན་ཆད་ཇ་འདེབས་མྱོང་མེད་པའི་གྲོང་མིས་ཇ་ལོ་འདེབས་འཛུགས་དང་ལས་སྣོན་ཐད་རྒྱུས་མངའ་ཆེན་པོ་མེད་པས་ཡིད་འོང་ཇ་རས་རྫ་ཡུལ་ཞིང་ར་དང་མཉམ་ལས་ལམ་སྲོལ་བཙུགས་ནས་གསོ་སྦྱོང་དང་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱས་ཡོད”ཅེས་བརྗོད།
     རྫ་ཡུལ་རྫོང་ཁ་ཏི་གྲོང་ཚོར་དཔྱིད་ཇ་ཁག་དང་པོ་འཐོག་འགོ་བཙུགས་ཟིན་པ་རེད། ཉེ་ཆར་གསར་འགོད་པས་ཡུལ་དངོས་སུ་ཡིད་འོང་ཇ་ར་ནས་མངགས་པའི་ལག་རྩལ་མི་སྣས་ཞིང་ནང་དང་མུ་ཁར་ས་གནས་དེ་གའི་གྲོང་མིར་བུད་ཤིང་ལྕགས་ཁོག་ནང་ཇ་གསར་པ་བརྔོ་སྟངས་བསླབས་ནས“བོད་ལྗོངས་ཀྱི་སྔོ་ལྗང་ཁུལ་ཆུང་ངུ”ནས་ཐོན་པའི་དཔྱིད་ཇ་ཁག་དང་པོའི་བྲོ་བ་མྱོང་བཞིན་ཡོད་པ་མཐོང་བྱུང་།
【1】  【2】
འདི་ནི་ཡིད་འོང་ཇ་རའི་ཟུར་གཅིག་ཡིན།
འདི་ནི་ཡིད་འོང་ཇ་རའི་ཟུར་གཅིག་ཡིན།