མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། “བརྟན་པོ་དྲུག”གི་ལས་དོན་
ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ཏེ་ཧྲའན་ཤིས་ཀྱི་
དུས་རབས་གསར་པའི་རྗེས་སྙེགས་ཚད་བརྒལ་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་25ཉིན། 11:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་4ཚེས་20ནས་23ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་རྟོག་ཞིབ་གནང་ཞིང་། འདི་ནི་ཟླ་4ཚེས་21ཉིན་ཞི་ཅིན་ཕིང་ཨན་ཁང་གྲོང་ཁྱེར་ཕིང་ལི་རྫོང་ལའོ་ཤན་གྲོང་རྡལ་ཅང་ཅ་ཕིང་གྲོང་ཚོའི་ཉུའུ་ཝོ་རྒྱ་བྱ་ཇ་ལས་དེང་རབས་དཔེ་སྟོན་གླིང་དུ་ཕེབས་ནས་ཇ་ལས་ཞིང་པ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ།

ཟླ་4ཚེས་20ནས་23ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་རྟོག་ཞིབ་གནང་ཞིང་། འདི་ནི་ཟླ་4ཚེས་21ཉིན་ཞི་ཅིན་ཕིང་ཨན་ཁང་གྲོང་ཁྱེར་ཕིང་ལི་རྫོང་ལའོ་ཤན་གྲོང་རྡལ་ཅང་ཅ་ཕིང་གྲོང་ཚོའི་ཉུའུ་ཝོ་རྒྱ་བྱ་ཇ་ལས་དེང་རབས་དཔེ་སྟོན་གླིང་དུ་ཕེབས་ནས་ཇ་ལས་ཞིང་པ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་4ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་རྟོག་ཞིབ་གནང་སྐབས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཚོང་དོན་བརྟན་པོ། ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ། མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། ཡུལ་མིའི་ལས་ཞུགས་འགན་ལེན་དང་། གཞི་རྩའི་དམངས་འཚོ་འགན་ལེན། ཁྲོམ་རའི་བྱེད་པོ་འགན་ལེན། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་འགན་ལེན། ཐོན་ལས་འཁོར་འབྲེལ་གྱི་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བའི་འགན་ལེན། གཞི་རིམ་འཁོར་སྐྱོད་འགན་ལེན་བཅས་ཀྱི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་དང་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་ཧྲའན་ཤིས་ཀྱི་དུས་རབས་གསར་པའི་རྗེས་སྙེགས་ཚད་བརྒལ་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།
     ཟླ་བ་བཞི་པའི་ཧྲའན་ཤིས་ཀྱི་ས་གཞི་ཆེ་མོར་དཔྱིད་དཔལ་རབ་ཏུ་བཞད། ཟླ་4ཚེས་20ནས་23ཉིན་བར་ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཧོ་ཕིང་དང་ཧྲེང་ཀྲང་ལིའུ་གོ་ཀྲུང་གི་ཕེབས་རོགས་འོག་ཞི་ཅིན་ཕིང་ཧྲང་ལུའོ་དང་། ཨན་ཁང་། ཤིས་ཨན་སོགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དང་། རི་གྲོང་དབུལ་པོ། སྡེ་ཁུལ། སློབ་གྲྭ ཁེ་ལས་སོགས་སུ་སྔ་རྗེས་སུ་ཕེབས་ཏེ། ཆིན་ལིན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་། དབུལ་སྒྲོལ་འགག་སྒྲོལ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྐོར་ལ་བརྟག་ཞིབ་གནང་བ་མ་ཟད། ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲིའང་གནང་བ་རེད།
     ཆིན་ལིན་རི་རྒྱུད་ནི་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆིན་ལིན་བྱང་འདབས་ཀྱི་ཤིས་ཨན་མངའ་ཁོངས་སུ་སྤྲོ་ཁང་སྒྲིག་འགལ་ངང་བསྐྲུན་པའི་གནད་དོན་ལ་རྩད་ཞིབ་ཐག་གཅོད་ཐེངས་མང་གནང་བ་དང་།  ཆིན་ལིན་གྱི་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཡོད། ཚེས་20ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཧྲང་ལུའོ་གྲོང་ཁྱེར་ཀྲ་ཧྲུའེ་རྫོང་དུ་ཕེབས་འབྱོར་ཟིན་ནས་དང་ཐོག་ཆིན་ལིན་རི་རྒྱུད་ཀྱི་ཤར་རྒྱུད་དུ་གནས་པའི་ཉིའུ་པེ་ལེའང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལིང་ཉིའུ་རོང་གི་རང་བྱུང་སྣོད་བཅུད་ལ་ཞབས་ཐང་མར་གཟིགས་ཞིབ་གནང་བར་ཕེབས་པ་རེད། ཁོང་གིས་དེ་ག་ནི་གསོ་རླུང་འབེལ་བའི་ས་ཆ་ཡག་པོ་ཞིག་རེད་འདུག་ཅེས་བསྔགས་བརྗོད་གནང་བ་རེད།
     དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ས་བབ་མཐོ་ཚད་སྨི་1700ཟིན་པའི་ཡུའེ་ལེང་ཡ་རུ་ཕེབས་ནས་ཆིན་ལིན་གྱི་ཉིའུ་པེ་ལེའང་གི་རི་བོ་མཐོ་ཤོས་ལ་རྒྱང་ལྟ་གནང་སྟེ། ཧྲའན་ཤིས་ཞིང་ཆེན་གྱིས་ཆིན་ལིན་གྱི་བྱང་འདབས་སུ་སྤྲོ་ཁང་སྒྲིག་འགལ་ངང་བསྐྲུན་པའི་གནད་དོན་གྱི་བསླབ་བྱ་བླངས་པ་དང་སྣོད་བཅུད་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་དམ་འཛིན་བྱས་པའི་སྐོར་གྱི་སྙན་སེང་གསན་པ་རེད། ཞི་ཅིན་ཕིང་གིས། ཆིན་ལིན་ཆུ་བོ་ལྷོ་བྱང་ཕྱོགས་སུ་རྒྱུག དེ་ཡི་དྲིན་ལས་མང་ཚོགས་བདེ་ལ་འཁོད། དེ་ནི་རང་རྒྱལ་གྱི་ལྟེ་བའི་ཆུ་གསོག་མཐོ་ལྕོག་དང་ཀྲུང་ཧྭ་མི་རིགས་ཀྱི་མེས་པོའི་རྒྱུད་པ་དང་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་གལ་ཆེན་ཞིག་རེད། ཆིན་ལིན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ། ཀྲུང་ཧྭ་མི་རིགས་མི་ཉམས་དར་འཕེལ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར། རྒྱུན་མཐུད་འཕེལ་རྒྱས་བཅས་འགན་ལེན་བྱེད་པའི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། ཧྲའན་ཤིས་ཀྱིས་ཆིན་ལིན་དུ་སྤྲོ་ཁང་སྒྲིག་འགལ་ངང་བསྐྲུན་པའི་གནད་དོན་གྱི་བསླབ་བྱ་གཏིང་ཟབ་བླངས་ཏེ། སེམས་གཏིང་ནས་འགྱོད་བཤགས་དང་ཉེན་བརྡ་རྒྱུན་སྒྲོག་བྱེད་པ་དང་། ཏང་དང་། ལོ་རྒྱུས། མི་དམངས་བཅས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་དང་བྱས་རྗེས་ཐོབ་པར་ངས་མི་རྩོད་པའི་སྙིང་སྟོབས་ལ་བརྟེན་ནས་ཆིན་ལིན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོའི་ལས་ཀ་དེ་གནས་བབ་གལ་ཆེན་ཐོག་བཞག་སྟེ། འགན་འཁྲི་ལག་བསྟར་ཡག་པོ་བྱེད་པ་དང་། ཆིན་ལིན་གྱི་སྣོད་བཅུད་སྲུང་དམག་ཡག་པོ་ཞིག་བྱེད་པ་ལས་ལམ་རྙིང་ལ་བསྐྱར་ལོག་གཏན་ནས་བྱེད་མི་རུང་ལ། ལོ་རྒྱུས་ཐོག་མིང་ངན་གཏན་ནས་འཇོག་མི་རུང་། རང་རྟོགས་ངང་ཆབ་སྲིད་ལ་སྣང་ཆེན་བྱས་ནས་རྒྱལ་ཁབ་ཀྱི་བྱ་བ་སྒྲུབ་མཁན་ཡིན་ཕྱིན་སེམས་ནང་གདེང་ཚོད་ཡོད་པར་བྱེད་པ་དང་། ཏང་ཀྲུང་དབྱང་གིས་གང་ཞིག་ལ་དོ་ཁུར་བྱེད་པ་དང་གང་ཞིག་ནན་བཤད་བྱེད་པར་དོ་སྣང་བྱེད་པ། གང་ཞིག་ཏང་དང་རྒྱལ་ཁབ་ཀྱི་ཁེ་ཕན་གལ་ཆེ་ཤོས་ཡིན་པ་དང་གང་ཞིག་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ལངས་ཕྱོགས་ཡིན་པར་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ།“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་བྱ་སྤྱོད་ཐོག་འཁྱོལ་བ་བྱས་ནས་འབོད་ཚིག་ཙམ་དུ་གཏན་ནས་འཇོག་མི་རུང་ཞེས་ནན་བཤད་གནང་བ་རེད།
     སྲུང་སྐྱོང་ཁུལ་ནས་ཞལ་གྱེས་ཏེ་གཡང་གཟར་གྱི་རི་ལམ་བརྒྱུད་དེ་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཀྲ་ཧྲུའེ་རྫོང་ཞའོ་ལིང་གྲོང་རྡལ་ཅིན་སྨི་གྲོང་ཚོར་ཕེབས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གནས་ཚུལ་རྟོག་ཞིབ་གནང་བ་རེད། ཅིན་སྨི་གྲོང་ཚོ་ནི་ཆིན་ལིན་གྱི་རི་གསེབ་ཏུ་གནས་པ་དང་དེ་སྔ་ཤིན་ཏུ་དབུལ་བའི་གྲོང་ཚོ་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་མོག་རོ་དང་། ཀྲུང་ལུགས་སྨན་རྫས། ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད། ཞི་ཅིན་ཕིང་གིས་ཞབས་ཐང་མར་གྲོང་ཚོའི་རྣམ་པར་གཟིགས་ཞིབ་གནང་སྐབས་གྲོང་ཚོའི་གསོ་སྦྱོང་ལྟེ་གནས་དང་། རིག་ནུས་སྟར་སྦྲེལ་གྱི་མོག་རོའི་དྲོད་ཁང་ཆེ་མོ། མོག་རོའི་སྣ་ཁ་དང་འདེབས་འཛུགས་བརྒྱུད་རིམ་བཅས་མཁྱེན་རྟོགས་གནང་བ་དང་འབྲེལ། མོག་རོའི་རིན་གོང་དང་། ཚོང་ལམ། གྲོང་མིའི་ཡོང་འབབ་སོགས་བཀའ་འདྲི་གནང་རྗེས། ཁོང་ཚོས་མོག་རོ་ཆུང་ཆུང་ཐོན་ལས་ཆེན་པོ་ཞིག་ཏུ་གཉེར་བར་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་བའི་འགག་རྩ་ནི་མང་ཚོགས་ལ་ཕན་པ་ཐོབ་པ་བྱ་རྒྱུ་དང་དཀའ་གནད་ནི་རྒྱུན་མཐུད་བརྟན་པོ་ཡོང་བ་བྱ་རྒྱུ་དེ་ཡིན། ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་། ཉེན་ཁ་འགོག་ནུས་ཆེ་རུ་གཏོང་བ། དེ་བས་བརྟན་པའི་ཁེ་ཕན་སྦྲེལ་མཐུད་ཀྱི་ལམ་སྲོལ་འཛུགས་པ་བཅས་བྱས་ནས་རྒྱུན་མཐུད་དང་བརྟན་པོའི་ངང་མང་ཚོགས་དབུལ་པོའི་ཡོང་འབབ་མང་དུ་འགྲོ་བའི་འགན་ལེན་བྱེད་དགོས། དབུལ་ཞྭ་འབུད་པ་དེ་འཚོ་བ་གསར་པ་དང་འབད་འཐབ་གསར་པའི་འགོ་འཛུགས་ས་ཞིག་ཡིན་པ་ལས་མཇུག་བསྡུ་ས་ཞིག་མིན། གོམ་སྟབས་རྗེས་མར་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ཆེན་པོ་དེ་ཡག་པོ་བསྒྲུབས་ནས་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྣོད་བཅུད། རྩ་འཛུགས་སོགས་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
     ཨན་ཁང་གྲོང་ཁྱེར་ནི་ཆིན་པ་རི་ཁུལ་གྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་ཡོད། ཚེས་21ཉིན་གྱི་སྔ་དྲོ་ཞི་ཅིན་ཕིང་ཨན་ཁང་གྲོང་ཁྱེར་ཕིང་ལི་རྫོང་ལའོ་ཤན་གྲོང་རྡལ་ཅིན་ཕིང་སྡེ་ཁུལ་དུ་ཕེབས་ཤིང་། ཅིན་ཕིང་སྡེ་ཁུལ་དུ་རིམ་རྩིས་བྱས་ན་དུད་ཚང་1346གི་གནས་སྤོས་མང་ཚོགས་དབུལ་པོ་4173བཀོད་སྒྲིག་བྱས་ཡོད། ཞི་ཅིན་ཕིང་གིས་ས་གནས་ས་ཐོག་ཏུ་སྡེ་ཁུལ་གྱི་གློག་རྡུལ་ལས་སྣོན་བཟོ་གྲྭ་དང་། རྩེད་ཆས་བཟོ་གྲྭ རྒྱན་གོས་ཀུང་སི་བཅས་ཀྱི་ཐོན་རྫས་འགྲེམས་སྟོན་ཚོམས་ཆེན་ལ་གཟིགས་ཞིབ་གནང་ནས་ས་གནས་དེ་གའི“རི་སྟེང་དུ་ཐོན་ལས་དར་བ་དང་། རི་གཤམ་དུ་སྡེ་ཁུལ་བསྐྲུན་པ། སྡེ་ཁུལ་དུ་བཟོ་གྲྭ་གཉེར་བ”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ཁེ་ལས་ལ་རིམས་ནད་ལས་བྱུང་བའི་ཤུགས་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱས་ཏེ་རྒྱལ་ནང་གི་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་གཏོང་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་འདི་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་ཡིན་པས་མང་ཚོགས་དབུལ་པོའི་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་དབུལ་པོ་ལས་ཞུགས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། གྲོང་རྡལ་གྱི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་གོ་ཐོས་བྱུང་རྗེས་གཅིག་རྗེས་གཉིས་མཐུད་ངང་ཁྲོམ་གཞུང་དུ་ཡོང་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྱང་ཡུལ་མི་ཚོ་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་གནང་བ་རེད།
     གནས་སྤོས་དུད་ཚང་ཝང་ཤན་ཕིང་གི་ཁྱིམ་དུ་ཞི་ཅིན་ཕིང་གིས་ནང་མི་རྒན་གཞོན་རྣམས་དང་མཉམ་དུ་བཞུགས་ནས་ཅི་འཕྲོས་མོལ་འཕྲོས་གནང་ཞིང་། ཝང་ཤན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅིར་དེ་སྔ་རི་ཁུལ་དུ་སོ་ཕག་གི་ཁང་པའི་ནང་སྡོད་པ་དང་རི་ལམ་དེད་ནས་འགྲོ་དགོས་ཀྱི་ཡོད་སྟབས་བྱ་བ་གང་ཞིག་ཡིན་རུང་དེ་སྒྲུབ་སྐབས་སྟབས་བདེ་པོ་མི་འདུག ད་ཆ་སྡེ་ཁུལ་དུ་སྤོས་རྗེས་ནང་མི་ཚང་མ་ཁང་གསུམ་ཚོམས་གཉིས་ཀྱི་ཐོག་བརྩེགས་ཁང་ཆེན་དུ་སྡོད་ཀྱི་ཡོད། ངེད་བཟའ་ཚོ་གཉིས་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་། ད་དུང་རྒན་རྒོན་ལ་ལྟ་རྟོག་ཐུབ་པ་མ་ཟད། སྔོན་ཆད་བསམ་ཡང་མི་ཕོད་པའི་འཚོ་བ་སྐྱིད་པོ་ཞིག་ཀྱང་སྐྱེལ་རྒྱུ་བྱུང་ཞེས་ཞུས། ཞི་ཅིན་ཕིང་གིས་གསན་རྗེས་དགྱེས་ཚོར་ཆེན་པོ་གནང་ཞིང་། ཁོང་གིས་ཡུལ་གཞན་དུ་གནས་སྤོ་ནི་ཡུལ་དེ་གས་ཡུལ་དེ་གའི་མི་གསོ་མི་ཐུབ་པའི་གནད་དོན་ཐག་གཅོད་བྱེད་པ་དང་མང་ཚོགས་དབུལ་པོ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བའི་རྩ་བའི་ཐབས་ལམ་ཞིག་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། སྤོ་ཐུབ་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱུང་རྗེས། རྗེས་མཐུད་རོགས་སྐྱོར་གྱི་གནད་འགག་ཆེ་ཤོས་ནི་ལས་ཞུགས་རེད། ལས་བརྩོན་བྱས་ན་གཞི་ནས་བདེ་འཁོད་ཡོང་ཐུབ། ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་ཐུབ་ན་གཞི་ནས་གནས་སྤོས་མང་ཚོགས་ཀྱི་སེམས་གནས་ཐུབ་པ་དང་རིམ་བཞིན་ཕྱུག་འགྱུར་ཐུབ་པའི་འགན་ལེན་ཡོད་པ་དང་དབུལ་པོ་རང་ལོག་མ་བྱུང་སྔོན་འགོག་བྱེད་ཐུབ། ཡུལ་གཞན་དུ་གནས་སྤོས་མང་ཚོགས་ནི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བ་ཞིག་ཡིན་པས་སྡེ་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱས་ཏེ། སྡེ་ཁུལ་དོ་དམ་དང་ཞབས་ཞུའི་ལས་དོན་ལ་དམ་འཛིན་ཡག་པོ་དང་བདེན་འཚོལ་དངོས་སྒྲུབ་བྱས་ནས་མི་དམངས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་ཐོབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     དེ་རྗེས་ཞི་ཅིན་ཕིང་ལའོ་ཤན་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཕེབས་ནས་གཞི་རིམ་གྱི་འཕྲོད་བསྟེན་རིམས་འགོག་དང་སྨན་བཅོས་འགན་ལེན་གྱི་ལས་དོན་ལ་མཁྱེན་རྟོགས་གནང་བ་དང་འབྲེལ་གཞི་རིམ་གྱི་རིམས་འགོག་འཐབ་ས་དང་པོ་བརྟན་སྲུང་བྱེད་བཞིན་པའི་རྒྱ་ཆེའི་སྨན་དོན་མི་སྣར་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཞན་ཆ་གང་མགྱོགས་བསལ་ནས་གྲོང་གསེབ་དང་སྡེ་ཁུལ་སོགས་གཞི་རིམ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་རྒྱུན་རྣམ་ཅན་དུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།
     གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ལོ་རིམ་བཞི་པ་ནས་དྲུག་པ་བར་གྱི་སློབ་མ་ཟླ་4ཚེས་20ཉིན་སློབ་འགོ་ཚུགས་པ་རེད། ཞི་ཅིན་ཕིང་སློབ་ཁང་དུ་ཕེབས་སྐབས་ཕྲུ་གུ་ཚོས་མཉམ་དུ་སྤོ་བོ་ཞི་ལགས་ལ་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཕྲུ་གུ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་ཀྱི་ཧེ་བག་ཆུང་དུ་གཏོང་བ། སློབ་གསོ་དྲང་གཞག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དབུལ་པོ་མི་རབས་ནས་མི་རབས་བར་རྒྱུན་མཐུད་པའི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་སློབ་གྲྭའི་ཟ་ཁང་དུ་ཕེབས་ནས་སློབ་མའི་ལྟོ་ཆས་དང་སློབ་གྲྭ་ཡང་བསྐྱར་ཚུགས་རྗེས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་། ཁོ་ཚོར་སློབ་གྲྭའི་གཙོ་གནད་ཁུལ་གྱི་དུག་སེལ་ལ་ཤུགས་སྣོན་བརྒྱབ་ནས་སློབ་འགོ་བསྐྱར་འཛུགས་དང་སློབ་ཚན་བསྐྱར་ཁྲིད་ལ་བདེ་འཇགས་ཀྱི་ཁོར་ཡུག་སྐྲུན་དགོས་པའི་བཀའ་མངགས་གནང་བ་རེད།
     ལའོ་ཤན་གྲོང་རྡལ་གྱི་ཅང་ཅ་ཕིང་གྲོང་ཚོར་ཡོད་པའི་ཉུའུ་ཝོ་རྒྱ་བྱ་ཇ་ལས་དེང་རབས་དཔེ་སྟོན་གླིང་ཁུལ་དེ་སུའུ་ཧྲའན་དབུལ་སྐྱོར་མཉམ་ལས་རྣམ་གྲངས་ཁོངས་སུ་གཏོགས་པ་དང“ཏང་ཀྲི་པུའུ+སྣེ་འདྲེན་ཁེ་ལས+དུད་ཚང་དབུལ་པོ”བཅས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། དུད་ཚང་དབུལ་པོ་100ལྷག་ཙམ་ལ་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཆིག་སྟོང་ཡན་འཕར་ཡོད། རི་ཁྲོད་དུ་དཔྱིད་ཆར་སིམ་སིམ་དུ་བབས་ནས་སྨུག་པ་འཁྲིགས་ཤིང་། ཞི་ཅིན་ཕིང་ཇ་ཤིང་ལྡུམ་རར་ཕེབས་ཏེ་ལམ་བར་དུ་དཔྱིད་ཇའི་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཇ་ཞིང་པ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཇ་ལོའི་ཐོན་འབབ་དང་། རིན་གོང་། གྲོང་མིའི་ས་ཞིང་ནང་བཤུག ཁེ་སྤོགས་བགོ་བཤའ། ལས་སྒོའི་ཡོང་འབབ་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་མི་ཡིས་རིའི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱས་ན། ཐོན་ཁུངས་ཀྱིས་མིར་ཕན་པ་སྦྱིན་སྲིད། སྔོ་ལྗང་རི་ཆུ་ནི་རང་བྱུང་གི་རྒྱུ་ནོར་ཡིན་ལ་དཔལ་འབྱོར་གྱི་རྒྱུ་ནོར་ཡང་རེད། ཡུལ་མི་ཚོས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ་ཇ་བརྟེན་ཕྱུག་འགྱུར་དང་ཇ་བརྟེན་ལས་དར་བྱས་ན། དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་ཅེས་གསུངས་པ་རེད།
     ཚེས་22ཉིན་ཞི་ཅིན་ཕིང་གིས་ཤིས་ཨན་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་དཔལ་འབྱོར་དང་སྤྱི་ཚོགས་སླར་གསོ་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད། ཧྲའན་ཤིས་རླངས་འཁོར་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སི་ནི་ནུབ་བྱང་ས་ཁུལ་དུ་ཤུགས་རྐྱེན་ལྡན་པའི་བཟོ་སྐྲུན་ཁེ་ལས་ཤིག་རེད། ཞི་ཅིན་ཕིང་གིས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། བྲིན་ཚོང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བཅས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཁོ་ཚོས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཀྱིས་ཐོན་ཚོང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པར་བསྔགས་བརྗོད་གནང་བ་རེད། འཁོར་ཁང་དུ་བྲེལ་འཚུབ་ཆེ་བའི་རྣམ་པས་ཁེངས་ཤིང་། ཞི་ཅིན་ཕིང་གིས་རླངས་འཁོར་གྱི་ནང་རྒྱན་ཐོན་སྐྱེད་སྒྲུབ་རིམ་དང་སྤྱིའི་ལྷུ་སྒྲིག་ཐོན་སྐྱེད་སྒྲུབ་རིམ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཐུགས་སྣང་གཤིན་པོས་སྒྲིག་སྦྱོར་ལེགས་གྲུབ་ཟིན་པའི་དམངས་སྤྱོད་ལྗིད་ཐེག་རླངས་འཁོར་གྱི་ཁ་ལོ་སྒྱུར་ཁང་དུ་འཛེགས་ནས་ལག་རྩལ་མི་སྣར་ཐོན་རྫས་ཀྱི་ནུས་པ་དང་བཀོལ་སྤྱོད་ཀྱི་བརྒྱུད་རིམ་སྐོར་ལ་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་བཟོ་སྐྲུན་ལས་རིགས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་སྲོག་རྩ་དང་འབྲེལ་བ་ཡོད། གཞུང་ཁོངས་ཁེ་ལས་ཆེ་གྲས་ཀྱིས་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྟོད་སྨད་ཀྱི་ཐོན་ལས་དང་ཁེ་ལས་འབྲིང་ཆུང་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྣེ་ཁྲིད་བྱེད་དགོས། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཧྲའན་ཤིས་ལ་དཔའ་ངར་ཆེན་པོས་དཀའ་ངལ་བསུ་བ་དང་དུས་རབས་ཀྱི་དཀའ་ངལ་དང་དུ་ལེན་མཁན་ཞིག་བྱེད་པའི་བློ་སྟོབས་དང་སྤོབས་ཉམས་ལྡན་པར་བྱེད་དགོས། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་དགོས་ལ། མིག་སྔའི་ཉམས་ཉེན་དང་འགྲན་སློང་ཁྲོད་ནས་གོ་སྐབས་དམ་འཛིན་དང་གོ་སྐབས་གསར་གཏོད་མཁས་པོ་བྱས་ཏེ་རྣམ་པ་གསར་པ་དང་། ལས་རྣམ་གསར་པ། ལག་རྩལ་གསར་པ། ཐོན་རྫས་གསར་པ་བཅས་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་ནས་གྲུབ་འབྲས་གསར་པ་དེ་བས་ཆེ་བ་བཏོད་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས་ཞེས་གསུངས་པ་རེད།
     འགྲིམ་འགྲུལ་སློབ་ཆེན་ནུབ་སྤོས་རྟེན་རྫས་བཤམས་མཛོད་ཁང་ནི་ཤིས་ཨན་འགྲིམ་འགྲུལ་སློབ་ཆེན་ཤིན་ཆིན་སློབ་ཁུལ་དུ་གནས་ཡོད། དུས་རབས་གོང་མའི་ལོ་རབས་50པར་འགྲིམ་འགྲུལ་སློབ་ཆེན་གྱི་མི་ཁག་གཅིག་གིས་ཏང་གི་འབོད་སྐུལ་དང་ལེན་ཞུས་ཏེ“ལྟོ་ཕད་རྒྱབ་ཏུ་ཁུར་ནས་རྡོག་ཐོན་བྱས་ཏེ”ཧྲང་ཧའེ་ནས་ཤིས་ཨན་དུ་སྤོས། རྟེན་རྫས་བཤམས་མཛོད་ཁང་གི་ཐོག་སོ་གཉིས་པ་དང་གསུམ་པའི་འགྲེམས་ཁང་དུ་འགྲིམ་འགྲུལ་སློབ་ཆེན་ནུབ་ཏུ་སྤོས་པའི་ལས་གཏོད་བརྒྱུད་རིམ་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་འགྲེམས་སྟོན་བྱས་ཡོད། ཞི་ཅིན་ཕིང་གིས་འདྲ་པར་རེ་རེ་དང་དངོས་པོ་རེ་རེར་བཞིན་ལ་ཞིབ་ཚགས་གཟིགས་པ་རེད། ཐོག་སོ་དང་པོའི་ཚོམས་ཆེན་དུ་ཞི་ཅིན་ཕིང་གིས་ནུབ་སྤོས་དགེ་རྒན་ཆེ་མོ་བ་རྒན་གྲས་14ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཁོང་ཚོ་སྐུ་ཁམས་གསལ་ཐང་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད། ཞི་ཅིན་ཕིང་གིས“ནུབ་སྤོས་སྙིང་སྟོབས”ཀྱི་ལྟེ་བ་ནི་རྒྱལ་གཅེས་རིང་ལུགས་ཡིན་པ་དང་། ཉིང་བཅུད་ནི་ཏང་གི་བཀོད་འདོམས་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ། ཏང་དང་རྒྱལ་ཁབ་དང་། མི་རིགས་དང་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱེད་རྒྱུ་དེ་ཡིན་པས། དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད། ཏང་གིས་མཐོ་སློབ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་མཐའ་འཁྱོངས། བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བཅས་བྱས་ཏེ། ཤེས་ལྡན་མི་སྣ་རྩེ་གྲ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་རྒྱ་ཆེའི་དགེ་སློབ་ཚོར“ནུབ་སྤོས་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ་དང་དུས་རབས་གསར་པ་དང་གོ་སྐབས་གསར་པར་དམ་འཛིན་བྱས་ཏེ། མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་གནས་སུ་བྱས་རྗེས་འཇོག་པར་བསྐྱོད་ནས་རྒྱང་སྐྱོད་ཀྱི་ལམ་གསར་པར་ང་ཚོ་མི་རབས་འདིར་དབང་བའི་ལོ་རྒྱུས་ཀྱི་བྱས་རྗེས་འཇོག་དགོས་པའི་སྐུལ་ལྕག་གནང་བ་རེད།
     ས་སྲོད་ཀྱི་མཚམས་སུ་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཏ་ཡན་མཆོད་རྟེན་དང་ཐག་ཉེ་བའི་ཏ་ཐང་མཚན་གྲོང་གི་རྐང་ཐང་ཁྲོམ་གཞུང་དུ་ཕེབས་པ་རེད། རིམས་ནད་ཐོན་པ་ནས་བཟུང་། དེ་སྔ་འཚང་ཁ་ཤིག་ཤིག་ཡིན་པའི་རྐང་ཐང་ཁྲོམ་གཞུང་དུ་སྐབས་ཤིག་རིང་མི་མཐོང་རྒྱུ་མེད་མོད། ད་ཆ་སླར་ཡང་འཁྲུག་ཆ་དོད་པོར་གྱུར་ཡོད། ཞི་ཅིན་ཕིང་རྐང་ཐང་ཁྲོམ་གཞུང་དུ་ཕེབས་ནས་རྐང་ཐང་ཁྲོམ་གཞུང་སླར་གསོ་དང་གཉེར་སྐྱོང་གི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། ལམ་རྒྱུད་ཀྱི་ཡུལ་སྐོར་བས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་རྗེས་དགའ་ཚོར་ཆེན་པོས་དགའ་འབོད་བྱས་པ་དང་ཞི་ཅིན་ཕིང་གིས་ཀྱང་ཕྱག་གཡུག་གཡུག་གིས་གུས་ལན་ཡང་ཡང་གནང་བ་རེད། ཁོང་ཤིས་ཨན་ཟ་ཁང་རྙིང་པར་ཕེབས་ནས་ཟ་ཁང་གི་ལས་མི་དང་ལྟོ་ཆས་ཟ་བཞིན་པའི་སྐུ་མགྲོན་ཚོ་དང་སྤྲོ་སེམས་འཁོལ་བའི་ངང་གླེང་མོལ་གནང་བ་རེད། ཞི་ཅིན་ཕིང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རིགས་ཁག་གི་ཚོང་ར་དང་ཁྲོམ་ར་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་རྒྱུན་གཏན་གྱི་འཚོ་བའི་སྒྲིག་ལམ་སླར་གསོ་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཚེས་23ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་ཧྲའན་ཤིས་ཀྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་ཞིང་། ཞི་ཅིན་ཕིང་གིས་འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཡང་རེད། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ང་ཚོས་གཏན་འཁེལ་ཟིན་པའི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱེད་པར་འགྲན་སློང་ཕྲད་ཡོད། ཧྲའན་ཤིས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཚོད་སྐར་ཆ་ཙམ་ལ་ཡང་བརྩོན་ལེན་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་དུས་རབས་གསར་པའི་ལས་དོན་ཁག་ལ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོད་པར་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་རང་རྒྱལ་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་ཡུན་རིང་ལེགས་སུ་འགྲོ་བའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད། གདེང་ཚོད་བརྟན་པོ་དང་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མགྱོགས་མྱུར་སྒྱུར་བ་དང་། དངོས་ཚན་དཔལ་འབྱོར་དང་ལྷག་པར་དུ་བཟོ་སྐྲུན་ལས་རིགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། 5Gདང་། དངོས་སྦྲེལ་དྲ་བ། མི་ཐབས་རིག་ནུས། བཟོ་ལས་དྲ་སྦྲེལ་སོགས་རྨང་གཞིའི་འཛུགས་སྐྲུན་གསར་རིགས་ལ་མ་དངུལ་འཇོག་པར་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ་སོགས་ཁྱབ་ཁོངས་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་སེལ་བ། འཕེལ་རྒྱས་དོ་མི་སྙོམས་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱེད་དགོས། ཐོན་ལས་ཀྱི་སྦྲེལ་ཐག་ལ་དམིགས་ནས་གསར་གཏོད་ཀྱི་སྦྲེལ་ཐག་བཀོད་སྒྲིག་དང་གསར་གཏོད་ཀྱི་སྦྲེལ་ཐག་ལ་དམིགས་ནས་ཐོན་ལས་ཀྱི་སྦྲེལ་ཐག་བཀོད་སྒྲིག་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་དེ་བས་ཆེ་བ་སྤོ་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམིགས་ཏེ་རྨང་གཞིའི་རང་བཞིན་དང་། རྩ་བའི་རང་བཞིན། སྤྱི་ཡོངས་ཀྱི་རང་བཞིན་བཅས་ཀྱི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྐམ་སའི་དབུས་ཁུལ་གྱི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གཏོད་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དུས་བབ་ཆེན་པོར་གཏིང་ཟབ་ཞུགས་པ་དང་ཨེ་ཤེ་ཡ་དབུས་མ་དང་། ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་ནུབ་མ་བཅས་ཀྱི་རྒྱལ་ཁབ་ལ་ཕྱོགས་པའི་བགྲོད་ལམ་དང་། ཚོང་དོན་ཟོག་འགྲེམས་ལྟེ་གནས། ཐོན་ལས་དང་མི་ཆོས་སྤེལ་རེས་རྟེན་གཞི་གལ་ཆེན་བཅས་མགྱོགས་མྱུར་ཆགས་པར་བྱས་ནས་སྐམ་སའི་དབུལ་ཁུལ་གྱི་ཕན་འབྲས་མཐོ་བ་དང་། མ་གནས་དམའ་བ། ཞབས་འདེགས་ལེགས་པ་བཅས་ཀྱི་རྒྱལ་སྤྱིའི་ཚོང་དོན་བགྲོད་ལམ་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཧྲའན་ཤིས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་རང་ངོས་འཕེལ་རྒྱས་ཀྱི་སྤུས་ཚད་དང་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་མ་ཟད། རྒྱལ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་གྱི་རྣམ་པ་ལེགས་སུ་གཏོང་བ། ས་ཁོངས་ཐོན་ལས་ཀྱི་བཀོད་པ་ལེགས་སྒྲིག དྭངས་གཙང་ཐོན་སྐྱེད་འཕེལ་རྒྱས་གཏོང་བ། སྔོ་ལྗང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་སྲུང་སྐྱོང་གི་དམག་འཐབ་ཡག་པོ་རྒྱག་དགོས། རྨོ་སྐྱུར་ནགས་གསོ་དང་རྩྭ་གསོ་རྒྱུན་འཁྱོངས་ལྷོད་མེད་དང་། གྲམ་ཐང་ཅན་དང་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། རྨ་ཆུ་རྒྱུག་ཁུལ་ལ་ཐེ་གཏོགས་བྱས་དྲགས་པ་དང་། བེད་སྤྱོད་བྱས་དྲགས་པ་ནས་རང་བྱུང་སླར་གསོ་དང་ཉམས་པ་སོར་ཆུད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་དམངས་འཚོ་ནི་མི་དམངས་བདེ་སྐྱིད་ཀྱི་རྨང་གཞི་དང་སྤྱི་ཚོགས་ཞི་མཐུན་གྱི་རྩ་བ་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། དམངས་འཚོའི་བྱ་བ་དངོས་ཡག་པོ་ཏན་ཏིག་སྒྲུབ་དགོས། མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གནད་སྨིན་ཇུས་འདོན་དང་། མི་འབོར་དབུལ་པོ་ལྷག་མ་དབུལ་སྒྲོལ་ཐུབ་པའི་ལས་དོན་ཡག་པོ་སྒྲུབ་པ། ཡུལ་བབ་དང་བསྟུན་ནས་ས་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། དབུལ་པོ་རང་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་མགྱོགས་མྱུར་འཛུགས་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཐབས་མང་མཉམ་སྤྱོད་ཀྱིས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ནག་སེལ་གཤེད་འཇོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བ་བཅས་བྱེད་དགོས་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ནི་ཚོད་བགམ་ཆེན་པོ་ཞིག་ཡིན་པ་ལས། རིམ་ཁག་ཏང་རྩ་འཛུགས་ཀྱི་འཐབ་ནུས་ཆེན་པོ་གང་ལེགས་མངོན་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་མངོན་པ་མ་ཟད། ཏང་རྩ་འཛུགས་ཁག་གཅིག་གི་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་ཆེན་པོ་མེད་པ་དང་། ཏང་ཡོན་དང་ལས་བྱེད་པ་འགའ་ཞིག་གི་འཇོན་ཐང་ཆེན་པོ་མེད་པ། སྤྱོད་ཚུལ་ཡག་པོ་མེད་པ་སོགས་ཀྱི་གནད་དོན་ཡང་དམར་རྗེན་དུ་མངོན་ཡོད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ཏང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཡན་ཨན་གྱི་སྙིང་སྟོབས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་མི་མི་རབས་མང་པོ་སྐྱེད་སྲིང་བྱས་ཡོད། དེ་ནི་རང་རེའི་ཏང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། ཡན་ཨན་གྱི་སྙིང་སྟོབས་ལ་བརྟེན་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་རྒྱུན་འཁྱོངས་ལྷོད་མེད་གཏོང་བ་དང་། ཡན་ཨན་གྱི་སྙིང་སྟོབས་སྤྱད་དེ་ཐོག་མའི་བསམ་འདུན་འཇགས་པ་དང་བླ་སྲོག་ལ་ཞུན་བརྡར་གཏོང་བ། དེའི་ཁྲོད་ནས་དད་མོས་ཀྱི་སྟོབས་ཤུགས་ལེན་པ་དང་། ཏང་གཤིས་ཀྱི་ཧེ་བག་འཚོལ་བ། མདུན་སྐྱོད་ཀྱི་ཁ་ཕྱོགས་སྲོང་བ་བཅས་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་གནས་བབ་ཨང་དང་པོར་བཞག་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོ་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་བཅས་བྱས་ནས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས་ཧྲའན་ཤིས་ནི་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་གལ་ཆེན་གྱི་གྲས་ཤིག་རེད། རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་། སྤྱི་པའི་རིག་གནས་ཐོན་རྫས་དང་ཞབས་འདེགས་མཁོ་འདོན་ལ་ཤུགས་སྣོན་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཧོ་ལི་ཧྥུང་། དེ་བཞིན་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

ཟླ་4ཚེས་20ནས་23ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་རྟོག་ཞིབ་གནང་ཞིང་། འདི་ནི་ཟླ་4ཚེས་22ཉིན་ཞི་ཅིན་ཕིང་ཏ་ཐང་མཚན་གྲོང་གི་རྐང་ཐང་ཁྲོམ་གཞུང་དུ་རྟོག་ཞིབ་གནང་སྐབས་ཡུལ་སྐོར་བར་ཕྱག་གཡུག་གཡུག་གནང་བཞིན་པ།
ཟླ་4ཚེས་20ནས་23ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་སུ་རྟོག་ཞིབ་གནང་ཞིང་། འདི་ནི་ཟླ་4ཚེས་22ཉིན་ཞི་ཅིན་ཕིང་ཏ་ཐང་མཚན་གྲོང་གི་རྐང་ཐང་ཁྲོམ་གཞུང་དུ་རྟོག་ཞིབ་གནང་སྐབས་ཡུལ་སྐོར་བར་ཕྱག་གཡུག་གཡུག་གནང་བཞིན་པ།

  
style="display:none;"