འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་25ཉིན།

༄༅༎གོམ་སྟབས་དང་ལྷག་བསམ་རྣམ་དག་ལ་བརྟེན་ནས་གངས་ལྗོངས་མཁའ་ལམ་སྲུང་སྐྱོང་བྱེད།

——མཚོ་བོད་ལྕགས་ལམ་གངས་མཐོང་ལྕགས་ལམ་ལམ་རྒྱུད་ཀྱི་འཁོར་ཁང་ཀྲུའུ་རེན་གཞོན་པ་ཡུས་པུན་པོར་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་25ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་1ཚེས་11ཉིན། མཚོ་བོད་ལྕགས་ལམ་གངས་མཐོང་ས་ཚིགས་སུ་ཡུས་པུན་པོས་ལྕགས་ལམ་ཟུར་དུ་མེ་འཁོར་ཤར་བགྲོད་ཐུབ་རྒྱུར་སྒུག་བཞིན་པ།
འདི་ནི་ཟླ་1ཚེས་11ཉིན། མཚོ་བོད་ལྕགས་ལམ་གངས་མཐོང་ས་ཚིགས་སུ་ཡུས་པུན་པོས་ལྕགས་ལམ་ཟུར་དུ་མེ་འཁོར་ཤར་བགྲོད་ཐུབ་རྒྱུར་སྒུག་བཞིན་པ།
     ས་ངོས་སུ་གྲང་རླུང་འུར་འུར་དུ་ལྡང་བ་དང་། ས་བབ་མཐོ་ཚད་སྨི་4500ཟིན་པའི་ཁུ་ནུ་རི་བོའི་དཀྱིལ་དབུས་སུ་གནས་པའི་ཆུ་དམར་མེ་འཁོར་བབས་ཚུགས་ཉེ་འདབས་སུ། ཕར་གཡོ་ཚུར་གཡོ་བྱེད་པའི་གློག་ཞུའི་འོད་སྣང་གིས་དཀའ་ཚེགས་ཆེ་བའི་ཁུལ་གྱི་མུན་པ་ཡོངས་སུ་བསལ་ཞིང་། དེ་ཁུལ་དུ་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་གོར་མོ་ལས་སྒྲུབ་དུམ་བུའི་གངས་མཐོང་ལྕགས་ལམ་ལམ་རྒྱུད་འཁོར་ཁང་གི་བདག་སྐྱོང་བཟོ་པ་འགའ་ཞིག་གིས་ལྕགས་ལམ་ཐོག་སྒྲིག་ཆས་ལ་ལྟ་ཞིབ་བྱེད་བཞིན་ཡོད་པ་དང་། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཉི་ཤུ་ལྷག་ཙམ་འོག་བདག་སྐྱོང་བཟོ་པའི་དགུན་ཞྭའི་ངོས་སུ་རྔུལ་ཆུའི་བ་མོ་ཆགས།
     ཁོང་ནི་བདག་སྐྱོང་བཟོ་པའི་གྲས་ཤིག་ཡིན་ཞིང་། གཟུགས་པོ་དེ་ཙམ་ཆེན་པོ་མེད་པ་དང་། ས་བབ་མཐོ་ཚད་སྨི་4500ཟིན་པའི་མཚོ་བོད་ས་མཐོའི་ཐོག་ལས་རོགས་ཚོས“ལྕགས་ལྟར་མི”ཞེས་འབོད་ཀྱི་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཡག་ཏུ་ཕྱིན་པའི་མཚམས་སུ། ཁོང་དང་ལས་རོགས་ཚོས་ཁུ་ནུ་རི་བོའི་འདབས་སུ་མཁའ་ལམ་སྲུང་སྐྱོང་བྱས་ནས། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་ཆེད་དངོས་ཟོག་དང་ལས་མི་སྐྱེལ་འདྲེན་གྱི་ལྕགས་ལམ་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།
     ཁོང་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་གོར་མོ་ལས་སྒྲུབ་ལམ་དུམ་གངས་མཐོང་ལམ་རྒྱུད་ཀྱི་འཁོར་ཁང་ཀྲུའུ་རེན་གཞོན་པ་ཡུས་པུན་པོ་ཡིན་པ་དང་། ཁོང་གིས་གོམ་སྟབས་དང་ལྷག་བསམ་རྣམ་དག་ལ་བརྟེན་ནས་གངས་ལྗོངས་མཁའ་ལམ་སྲུང་སྐྱོང་ཡག་པོ་བྱས་ཡོད་པ་རེད།
     ལས་གནས་བརྟན་སྲུང་། “ངར་ལྕགས་ལྕགས་ལམ”ཐོག་གི་ངར་ལྕགས་ལྟ་བུའི་ཕོ་རྒོད།
     གལ་ཏེ། མཚོ་བོད་ལྕགས་ལམ་ནི་ཀྲུང་གོའི་ལྕགས་ལམ་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་ཞིག་ཡིན་ཞེས་བརྗོད་ཚེ། ཁོང་ནི་ལྕགས་ལམ་མཁའ་ལམ་གྱི་ངོ་མཚར་གྱི་རྒྱུན་མཐུད་མཁན་ངར་ལྕགས་ལྟ་བུའི་ཕོ་རྒོད་ཅིག་ཡིན་ཞེས་བརྗོད་ཆོག་པ་དང་། ཁོང་གིས་སྙིང་རུས་ཆེ་བ་དང་དཀའ་ངལ་ལ་མི་སྐྲག་པར་སྐད་གྲགས་མེད་པའི་སྒོ་ནས་ཡུལ་མི་ཉུང་ལ་ས་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་ལས་གནས་བརྟན་སྲུང་བྱས་ཡོད་པ་རེད།
     ཁུ་ནུའི་ལྕགས་ལམ་ལམ་ཐིག་གི་འཁོར་ཁང་ཁུ་ནུ་རི་བོའི་འདབས་སུ་གནས་པ་དང་གཡུ་འབྲུག་ལྷ་རྩེ་དང་ཁ་སྤྲོད་ཡིན་ཞིང་། འཁོར་ཁང་གིས་ལས་འགན་ཁུར་བའི་ལྕགས་ལམ་ལམ་ཐིག་སྤྱི་ལེ་116གི་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པས། མཁའ་རླུང་ནང་གསོ་རླུང་འདུས་ཚད་ཐང་གཤོངས་ཁུལ་གྱི་45%ལས་ཟིན་གྱི་མེད་ཅིང་། བཟོ་པ་མ་ཀྲུང་དབྱིས“འདི་ཁུལ་དུ་འགྲོ་སྐྱོད་བྱེད་པ་དེ་ནང་སར་གྲོ་ཞིབ་རྒྱ་མ་40ཁུར་ནས་བསྐྱོད་པ་དང་གཅིག་མཚུངས་རེད”ཅེས་བརྗོད་པ་དང་། ཁོང་གིས་ས་བབ་མཐོ་བ་དང་། གསོ་རླུང་དཀོན་པ། དྲོད་ཚད་དམའ་བ། བྱེ་རླུང་ལྡང་ཤུགས་ཆེ་བ་བཅས་ཀྱི་ཁོར་ཡུག་དེ་འདྲའི་ནང་དེ་གར་སླེབས་མ་ཐག་པའི་ལས་བཟོ་ན་གཞོན་ཁ་ཤས་ཞེད་སྣང་ཆེན་པོ་བྱེད་ཀྱི་འདུག དེ་ཁུལ་དུ་ལོ་བཅུ་གྲངས་སྡོད་རྒྱུ་ལྟ་ཅིག ལོ་གཉིས་གསུམ་སྡོད་ཐུབ་ཀྱང་རྩེ་གྲ་རེད་སྙམ་ཀྱི་འདུག་ཅེས་བརྗོད།
     “2006ལོར་འདི་ཁུལ་དུ་སླེབས་མ་ཐག་པའི་སྐབས་སུ། ང་ཚོ་ན་གཞོན་འགའ་ཞིག་གིས་གདོང་བན་ནང་སྔོ་ཚལ་དང་མེ་ཏོག་འདེབས་རྩིས་བྱས་པ་ཡིན། འོན་ཀྱང་ཧུར་ཐག་བཏབ་ཀྱང་། སྔོ་ཚལ་དང་མེ་ཏོག་དེ་དག་ཉིན་གསུམ་ལས་གསོན་མ་སོང”ཞེས་ཡུས་པུན་པོས་སླེབས་མ་ཐག་གི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་བརྗོད་པ་དང་། ཁོང་གིས་པུས་མོར་དཀྲིས་པའི་པུས་ཤུབས་ལ་མཛུབ་མོ་འཛུགས་བཞིན“དེ་དུས་ད་ལྟ་ནང་བཞིན་ཆ་རྐྱེན་ཡག་པོ་མེད་པས་སྟབས་བདེའི་སྡོད་ཁང་དང་ལས་ཁང་ནང་རླུང་བུ་འཚང་གི་ཡོད་པས། ད་ཆ་གནམ་གཤིས་གྲང་མོ་ཆགས་སྐབས་པུས་མོར་ན་ཟུག་གཏོང་བ་དེ་ཡང་དེ་དུས་ཆགས་པ་རེད”ཅེས་བརྗོད།
     ལས་རོགས་རྙིང་པ་ཀུའོ་ཏེང་ལིང་གིས“ཡུས་ལགས་སྐད་གྲགས་ཆོད་པའི་ལས་ཀར་དབྱིངས་ཞུགས་མཁན་ཞིག་ཡིན་པས། ཚང་མས་ཁོང་ལ‘ལྕགས་ལྟར་མི’ཞེས་འབོད་ཀྱི་ཡོད། ཡུས་ལགས་ཀྱིས་ཉིན་ལྟར་རྐང་ཐང་མར་ལྕགས་ལམ་ལམ་རྒྱུད་སྤྱི་ལེ་10ལ་སྐོར་ཞིབ་བྱེད་པར་བསྐྱོད་པ་དང་། སྐོར་ཞིབ་དུས་ཚོད་ཆུ་ཚོད་8ལྷག་ཙམ་ཟིན་གྱི་ཡོད”ཅེས་བརྗོད་།
     ལས་ཀ་ནི་སྟབས་བདེ་པོ་ཞིག་ཏུ་མཐོང་ནའང་། ས་བབ་མཐོ་ཚད་སྨི་4500དང་། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཉི་ཤུ་སུམ་ཅུ་ཟིན་པའི་ཁོར་ཡུག་ནང་འགྲོ་ཞོར་པུས་མོ་ས་ལ་བཙུགས་ཀྱིན་ལས་ཀ་ཆུ་ཚོད་8བྱེད་པ་ནི་ལས་སླ་པོ་ཞིག་མ་ཡིན་ཞིང་། ཡུས་པུན་པོས་དོར་མའི་འཛབས་ཡར་འཐེན་པ་དང་། ལས་ཀ་བྱེད་དུས་པུས་ཤུབས་གྱོན་མོད། འོན་ཀྱང་ཁོང་གི་པུས་མོར་ཤ་མཁྲེགས་མཐུག་པོ་ཞིག་ཆགས་ཡོད་པ་གསར་འགོད་པར་མཐོང་བ་དང་། ཁོང་གིས“འདི་ནི་མི་ཤའི་པུས་ཤུབས་རེད”ཅེས་བཞད་གད་ཀྱི་ཚུལ་དུ་བརྗོད།
     དབྱར་དུས་ཆུ་སྐྱོན་དང་། དགུན་དུས་འཁྱག་སྐྱོན། དཔྱིད་དུས་མེ་སྐྱོན་བཅས་ལ་འགོག་ཟོན་བྱེད་དགོས་པས། གནས་ཚུལ་གང་འདྲ་འཕྲད་རུང་། གདང་ལ་རི་བོའི་ལྕགས་ལམ་ལམ་རྒྱུད་འཁོར་ཁང་གི་བདག་སྐྱོང་བཟོ་པ་བློ་བཟང་ཆོས་འཕེལ་གྱི་བག་ཆགས་ནང་ཡུས་པུན་པོ་ནི་ནམ་ཡང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་མཁན་ཕོ་རྒོད་ཅིག་རེད།
     ལོ་ཞིག་གི་དབྱར་ཀར། བུ་ཆུང་དགུ་བབས་ཚུགས་ནས་གདང་ལ་རི་བོའི་བབས་ཚུགས་བར་ལམ་གཞི་བརྡིབས་པའི་གནས་ཚུལ་ཐོན་སྐབས། ཡུས་པུན་པོ་དང་ལས་རོགས་ཚོས་དེ་ཁུལ་དུ་ལྕགས་ལམ་མྱུར་བཟོའི་ལས་ཀ་ཆུ་ཚོད་ཁ་ཤས་བྱས་པ་རེད། ལས་ཀའི་གོ་རིམ་ལྟར་ན། ལས་འཛོལ་དེ་རིགས་ཐོན་སྐབས་བདག་སྐྱོང་བཟོ་པ་ལས་འཛོལ་ཐོན་ཡུལ་དུ་གནས་སྡོད་བྱས་ནས་མེ་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཀྱི་ཡོད་ཅིང་། བློ་བཟང་ཆོས་འཕེལ་གྱིས“ལྕགས་ལམ་མྱུར་བཟོ་བྱེད་སྐབས་ཚང་མ་དཀའ་ལས་ཁག་ནས་རྐང་པ་ཡང་འགྱོགས་མི་ཐུབ་པས། སྔ་ཙམ་ངལ་གསོ་རྒྱག་པར་ལོག་འདོད་བྱེད་རུང་། གཅེན་པོ་ཡུས་ལགས་རང་འགུལ་ངང་དེ་གར་ལས་གནས་བརྟན་སྲུང་བྱས་ནས་སྡོད་ཀྱི་འདུག”ཅེས་བརྗོད་པ་དང་། ཁོང་གིས“ཁོང་གཅིག་པུ་ལྕགས་ལམ་ཟུར་དུ་གུར་ཕུབ་ནས་སྡོད་ཀྱི་འདུག ལས་རོགས་གཞན་དག་མི་བཟོད་པར་བརྗེ་ལེན་བྱེད་རྒྱུའི་རེ་བ་བཏོན་ཀྱང་། ཁོང་གིས། ང་གཟུགས་པོ་ཐང་པོ་ཡོད་པས། ལས་ཀ་མང་ཙམ་བྱེད་དགོས་ངེས་རེད”ཅེས་ལན་འདེབས་ཀྱི་ཡོད།
     གདང་ལ་ནས་གངས་མཐོང་བར། ཡུས་པུན་པོས་ས་འབབ་མཐོ་ཚད་སྨི་4500ཟིན་པའི་ས་མཐོར། ལོ་བཅུ་བཞི་ལས་ཀ་བྱས་ནས་བསྡད་པ་དང་། དེ་སྔ་མཉམ་དུ་གདང་ལར་ལས་ཀ་བྱེད་པར་ཡོང་མཁན་མི་20ལྷག་ཙམ་ཡོད་པའི་ནང་། ད་ཆ་ལྕགས་ལམ་གྱི་ལས་གནས་བརྟན་སྲུང་བྱེད་མཁན་ཁོང་གཅིག་པུ་ལས་མེད་པ་རེད།
     སྙིང་རུས་ཆེན་པོ། ཁོང་གིས་ལོ་བཅུ་བཞིའི་ནང“འཁྱགས་སའི་ལས་ཀའི་ཉམས་མྱོང”ལ་བརྟེན་ནས་ལས་འགན་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས་པ།
     གལ་ཏེ་ས་བབ་མཐོ་ཚད་སྨི་4500ཟིན་པའི་ས་མཐོར་སྡོད་པ་ནི་ལེགས་སྐྱེས་ཕུལ་བ་ཞིག་ཡིན་ཞེས་བརྗོད་ན། ཡུན་རིང་ལྕགས་ལམ་དང་འགྲོགས་ནས་ལམ་སྲུང་གི་ལས་ཀ་ཧུར་ཐག་བྱེད་པ་ནི“སེམས”ལ་ཞུན་བརྡར་སྤྲོད་པ་ཞིག་ཡིན་ཞིང་། ཁོང་གིས་ལས་གནས་བརྟན་སྲུང་བྱེད་པའི་བརྒྱུད་རིམ་ནང་མི་སེམས་འགུལ་བའི་བྱ་བ་མང་པོ་བསྒྲུབས་ཡོད་པ་རེད།
     ས་བབ་མཐོ་ཚད་སྨི་4500ཟིན་པའི་ས་ཆར། མི་ལ་གསོ་རླུང་མི་འདང་བས་རིག་པ་རྨོངས་པར་གྱུར་ཞིང་། ལམ་སྐྱོང་བཟོ་པ་ཁྲེན་ཆི་ཐའོ་ཡིས“ང་རང་སླེབས་མ་ཐག་པའི་སྐབས་སུ་བརྗེད་ངས་ཆེན་པོ་འདུག གདོང་བཀྲུས་རྗེས་སོ་འཁྲུད་རྒྱུ་བརྗེད་ཀྱི་འདུག་ལ། ཕ་མར་ཁ་པར་བརྒྱབ་མ་ཐག་ཡིན་རུང་ཁོང་ཚོས་གང་གསུངས་པའང་བརྗེད་ཀྱི་འདུག”ཅེས་བརྗོད།
     ཡིན་ནའང་། ཡུས་པུན་པོས་ཟིན་བྲིས་རྒྱག་པའི་གོམས་གཤིས་ལ་བརྟེན་ནས་ས་མཐོའི་གསོ་རླུང་མི་འདང་བའི་དཀའ་ངལ་ཁྱད་བསད་བྱེད་ཅིང་། ཡུས་པུན་པོའི་ཉལ་ཁང་དུ་སྐྱོད་སྐབས། སྒྲོག་རྩེའི་ཟུར་དུ་ཟིན་བྲིས་དེབ་ཁ་ཤས་བཞག་ཡོད་པ་དང་། ཁོང་གིས་ཟིན་བྲིས་དེབ་དེ་དག་ནི་ས་མཐོའི“འཁྱགས་སའི་ལས་ཀའི་ཉམས་མྱོང”བཀོད་པ་ཤ་སྟག་ཡིན་ཞེས་གསར་འགོད་པར་བརྗོད།
     ཟིན་བྲིས་དེབ་དེ་དག་ཁ་ཕྱེ་ནས་བལྟ་སྐབས། དཔེ་མཚོན་མང་པོ་ཟིན་བྲིས་ཡག་པོ་བརྒྱབ་ཡོད་པ་དང་། རྩ་བའི་རིག་པ་དང་ཐབས་ཤེས་ཚོས་གཞི་གཞན་དག་གིས་ཟིན་བྲིས་བརྒྱབ་པ་དང་། ཟིན་བྲིས་དེབ་ཐོག་ཐ་ན་སྟབས་བདེའི་དོན་མཚོན་རི་མོ་བྲིས་ཤིང་། ཡུས་པུན་པོས“ཟིན་བྲིས་ཇི་ཙམ་ཞིབ་ཕྲ་བརྒྱབ་ན། ཕྱིས་སུ་གནད་དོན་ཐག་གཅོད་དེ་བས་གནད་ལ་འཁེལ་བ་ཐུབ་ཀྱི་འདུག”ཅེས་བརྗོད།
     ཡུས་པུན་པོས“ཉིན་ལྟར་དགོང་མོ་ཕྱོགས་སྡོམ་ཚོགས་འདུ་འཚོགས་ནས་ལས་ཀ་བྱེད་རིང་འཕྲད་པའི་གནད་དོན་སྣ་ཚོགས་ལ་གྲོས་བསྡུར་བྱེད་ཀྱི་ཡོད། ཚོགས་འདུ་འཚོག་རིམ་བཞིན་གྲོས་བསྡུར་གྱི་ཐག་གཅོད་བྱ་ཐབས་ཟིན་བྲིས་རྒྱག་གི་ཡོད། ཟིན་བྲིས་རྒྱག་ཐེངས་མང་བས། དེབ་མང་པོ་དེ་འདྲ་ཆགས་སོང”ཞེས་བརྗོད། ལོ་14ཡི་ཉིན་མཚན་5100ཡི་དུས་ཚོད་ནང་ཐབས་རྩལ་ཆུང་ངུ་ནས་ཉམས་མྱོང་ཆེན་པོའི་བར། ཡུས་པུན་པོས་ཡིག་འབྲུ་ཁྲི་བཅུ་ཕྲག་ཁ་ཤས་ཀྱི“འཁྱགས་སའི་ལས་ཀའི་ཉམས་མྱོང”ཟིན་བྲིས་བརྒྱབ་ཡོད་པ་རེད།
     ཡུས་པུན་པོས་རང་ཉིད་ཀྱི་ལོ་བཅུ་གྲངས་ཀྱི་ཉམས་མྱོང་དང་བསམ་གཞིག་རྒྱུན་གཏན་གྱི་ལས་ཀའི་ནང་སྤྱད་པ་དང་འབྲེལ། “བལྟ་བ་དང་། ཚད་ལེན། དབྱེ་ཞིབ། རྡུང་བ། ཉན་པ། ཞིབ་དཔྱད”བཅས་ཀྱི“ཚད་གཞི་དྲུག”གི་ཞིབ་བཤེར་བཟོ་བཅོས་ལས་ཀའི་ཐབས་ཤེས་ཕྱོགས་སྡོམ་དང་གསོག་འཇོག་བྱས་ཤིང་། གདང་ལའི་ལྕགས་ལམ་ལམ་རྒྱུད་འཁོར་ཁང་གི་ཀྲུའུ་རེན་ལི་པེའོ་ལིན་གྱིས“ཡུས་ལགས་ཀྱི་ཐབས་ཤེས་དེ་དག་ཧ་ཅང་གོ་ཆོད་པོ་འདུག ལྷག་པར་དུ་ང་ཚོ་གདང་ལ་འཁོར་ཁང་དང་ཁོང་ཚོ་གངས་མཐོང་འཁོར་ཁང་ལ་འཚམ་པོ་འདུག སྐྱོན་ཤོར་རྐྱེན་མང་པོ་ཞིག་ཐབས་ཤེས་དེར་བརྟེན་ནས་རྩད་ཆོད་པ་རེད”ཅེས་བརྗོད་པ་དང་། ཐབས་ཤེས་འདི་འཁྱགས་ས་མང་བའི་གོར་མོ་ནས་ལྷ་སའི་ལམ་དུམ་བར་གྱི་ལྕགས་ལམ་ཐོག་བེད་སྤྱོད་རྒྱ་ཁྱབ་བྱེད་ཀྱི་ཡོད་པ་རེད།
     ལྷག་བསམ་རྣམ་དག ལྕགས་ལྟར་མིའི་སྙིང་སྟོབས་ནི་ནམ་ཡང་གངས་རིའི་རྩེ་མོར་ལྷབ་ལྷུབ་ཏུ་གཡོ་བའི་དར་དམར་རེད།
     གལ་ཏེ་གངས་ལྗོངས་མཁའ་ལམ་ནི་མཚོ་བོད་ས་མཐོའི་འཇའ་མཚོན་ཡིན་ཞེས་བརྗོད་ཚེ། ཡུས་པུན་པོའི་ལྷག་བསམ་རྣམ་དག་ནི་འཇའ་མཚོན་དེའི་གཞི་མདངས་དང་། གངས་རིའི་རྩེ་མོར་ལྷབ་ལྷུབ་ཏུ་གཡོ་བའི་སྙིང་སྟོབས་ཀྱི་དར་དམར་ཡིན་ཞིང་། ལྷག་བསམ་རྣམ་དག་དེའི་ནང་ཁོང་གི་ནང་མི་ཚང་མའི་ལེགས་སྐྱེས་འདུས་ཡོད་པ་རེད།
     ཡུས་པུན་པོ་གཉེན་སྒྲིག་བྱེད་པའི་ལོ་དེར། ཁོང་གིས་གདང་ལའི་འཁོར་ཁང་དུ་ལས་ཀ་བྱེད་པར་འགྲོ་རྒྱུའི་རེ་བ་ཞུས་ཤིང་། ཡུས་པུན་པོ་ཡིས“ལོ་དེའི་དཔྱིད་གསར་དུས་ཆེན་སྐབས། ང་རང་ཟི་ལིང་དུ་རེས་མོས་ངལ་གསོ་རྒྱག་པ་དང་ཏག་ཏག་འཁེལ་བས། དེ་དུས་ཆུང་མ་དང་མཉམ་དུ་མི་དམངས་སྤྱི་གླིང་དུ་ལྒང་ཞུ་ཚོན་ཁྲ་ཅན་ལ་ལྟ་བར་བསྐྱོད་པས། བག་ཆགས་ཟབ་མོ་བཞག་བྱུང”ཞེས་འཛུམ་དམུལ་དམུལ་ངང་བརྗོད། ལོ་བཅུ་གྲངས་རིང་། ཡུས་པུན་པོ་ཁྱིམ་དུ་དཔྱིད་གསར་དུས་ཆེན་གཏོང་ཧ་ཅང་ཉུང་ཉུང་ཡིན་པ་རེད།
     2010ལོར། ཁོང་གཉིས་ལ་ཕྲུ་གུ་བུ་ཞིག་སྐྱེས། ཡིན་ནའང་ཁྱིམ་གྱི་རྒྱུན་གཏན་ནང་ལས་དང་ཕྲུ་གུར་ལྟ་རྟོག་བྱེད་རྒྱུ་ཚང་མ་བཟའ་ཟླ་གཅིག་པུས་འགན་འཁུར་གྱི་ཡོད། ངལ་དུབ་ཀྱིས་རྐྱེན་པས་བཟའ་ཟླ་ཝང་ཤིང་ཧྥང་ཡུན་རིང་ནད་ཀྱིས་མནར་ཞིང་། ཡུས་པུན་པོས“ངས་ཁོང་ལ་དགོངས་དག་ཞུ་རྒྱུ་ཡིན། ནད་ཀྱིས་མནར་རུང་ད་དུང་ཕྱི་ནང་གི་ལས་ཀ་ཚང་མ་བྱེད་དགོས་ཀྱི་ཡོད། ངས་རོགས་པ་གང་ཡང་བྱེད་ཐུབ་མ་སོང་། ཁོང་ལ་དཀའ་ངལ་ག་རེ་འཕྲད་ཀྱང་ང་ལ་མི་ཤོད་པས། ང་ཁྱིམ་དུ་ལོག་རྗེས་གཞི་ནས་གནས་ཚུལ་ག་རེ་བྱུང་བ་ཤེས་ཀྱི་འདུག”ཅེས་བརྗོད་པ་དང་། བཟའ་ཟླའི་སྐོར་གླེང་སྐབས་ངར་ལྕགས་ལྟ་བུའི་ཕོ་རྒོད་དེའི་མིག་མཆི་མས་ཁེངས། ཁྱིམ་ནི་ཁོང་གི་སེམས་ནང་སྲུང་སྐྱོང་བྱེད་འདོད་ཤོས་དེ་ཡིན་རུང་། རྒྱུན་དུ་སྲུང་སྐྱོང་ཡག་པོ་ཐུབ་ཀྱི་མེད་པ་རེད།
     ནམ་དུས་གང་ཞིག་ཡིན་རུང་། གངས་མཐོང་འཁོར་ཁང་རྒྱབ་ཏུ་གནས་པའི་ཁུ་ནུ་རི་བོ་སྔར་བཞིན་འགྱིང་ངེར་གནས་ཤིང་། ཁ་བ་བུ་ཡུག་འཚུབ་པའི་གཡུ་འབྲུག་འཁྱུག་པ་ལྟར་གྱི་མཚོ་བོད་ལྕགས་ལམ་ཐོག་གཞུང་ལམ་བདག་སྐྱོང་བཟོ་པས་ལེགས་སྐྱེས་ཧུར་ཐག་འབུལ་བཞིན་ཡོད། བློ་རྩ་བརྟན་པའི་ཡུས་པུན་པོའི་གདོང་ལས་ལོ་ཟླའི་དཀའ་སྡུག་མངོན་ཞིང་། དཀའ་ཚེགས་ཆེ་བའི་ཁུལ་འདིར། “ཚེ་སྲོག་བློས་གཏོང་དགོས་ཀྱང་འགན་འཁྲི་མི་འདོར་བ”ནི“ངར་ལྕགས་ལྟ་བུའི་སྲུང་སྐྱོང་པ”དེ་དག་གི་འགན་འཁྲིའི་དམ་ཚིག་རེད།
འདི་ནི་ཡུས་པུན་པོ(གཡོན)དང་ལས་རོགས་ཀྱིས་མཚོ་བོད་ལྕགས་ལམ་གངས་མཐོང་བབས་ཚུགས་ཉེ་འཁོར་དུ་ལྕགས་ལམ་ལ་སྐོར་ཞིབ་བྱེད་བཞིན་པ།
འདི་ནི་ཡུས་པུན་པོ(གཡོན)དང་ལས་རོགས་ཀྱིས་མཚོ་བོད་ལྕགས་ལམ་གངས་མཐོང་བབས་ཚུགས་ཉེ་འཁོར་དུ་ལྕགས་ལམ་ལ་སྐོར་ཞིབ་བྱེད་བཞིན་པ།