མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་
གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་24ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་22ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་རེད།
    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་ནས་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་ལ་གཞིགས་པ། ས་ཁོངས་ཕྱི་ནང་གི་རིམས་ནད་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་གཞིར་བཟུང་བ་བཅས་ཀྱི་ཐོག་ནས་གནད་སྨིན་སྔོན་འགོག་དང་ཚོད་འཛིན་གཙོ་གནད་ཐོག་ཡག་པོ་སྒྲུབ་པ་དང་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་ཞན་ལྷུ་ཚིགས་བཙལ་འཚོལ་ནན་ཏན་དང་སྲ་བརྟན་དུ་བཏང་ནས་རིམས་ནད་བསྐྱར་དུ་མཆེད་པའི་གནས་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ཁྲོད་ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། ཐོན་སྐྱེད་ཚད་ལོན། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
    ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རྒྱལ་ནང་གི་ས་གནས་ཁག་གཅིག་ལ་འདུ་འཛོམས་རང་བཞིན་གྱི་རིམས་ནད་སླར་ཡང་ཐོན་པ་དང་ས་གནས་ཁག་གཅིག་ལའང་སྨན་ཁང་ནས་ཕན་ཚུན་འགོས་པའི་གནས་ཚུལ་ཐོན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་ནད་ཡམས་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་དང་སྨན་བཅོས་རིགས་གཅིག་མཁས་ཅན་ལས་གྲུབ་པའི་ལས་དོན་ཚོགས་ཆུང་བཏང་ནས་འབྲེལ་ཡོད་ས་གནས་ཀྱིས་འདུ་འཛོམས་རང་བཞིན་གྱི་རིམས་ནད་དང་སྨན་ཁང་ནས་ཕན་ཚུན་འགོས་པའི་རྒྱུ་རྐྱེན་ལམ་སེང་བརྟག་དཔྱད་གསལ་པོ་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་དང་ཆབས་ཅིག་ཡོངས་བསྒྲགས་ངང་བརྡ་ཁྱབ་གཏོང་དགོས། དེ་དང་དུས་མཚུངས་གཏན་འཁེལ་ནད་དཔེ་དང་། དོགས་ཡོད་ནད་དཔེ། ནད་རྟགས་མེད་པའི་ནད་པ། འབྲེལ་ཐུག་དམ་ཟབ་ཡོད་མཁན་སོགས་ཀྱི་འཚོ་སྡོད་ཁོར་རྒྱ་ཕྱོགས་ཡོངས་ནས་བརྟག་དཔྱད་གསལ་པོ་བྱས་ཏེ་རིམས་ནད་འགོས་ལམ་གང་མགྱོགས་འགོག་པ་དང་སྔོན་འགོག་དང་ཚོད་འཛིན་གྱི་ཞན་ཆ་དང་སྟོང་ཆ་གང་མགྱོགས་གསབ་དགོས། ལྷག་པར་དུ་སྨན་ཁང་ནས་འགོ་བའི་ཉེན་ཁ་གཏན་འགོག་ནན་པོ་བྱེད་དགོས། གཞན་ཡང“སྔ་ཙམ་བཞིའི”བྱ་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་དངོས་ཐོག་བདེན་འཚོལ་དང་ཡོངས་བསྒྲགས་ཁ་གསལ་གྱི་ཐོག་ནས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་པ་ལས་སྦ་གསང་གཏན་ནས་བྱེད་མི་རུང་ལ། ས་གནས་ཀྱི་འགན་འཁྲི་དོན་འཁྱོལ་གྱིས་ཁྲིམས་ལྟར་ཐག་གཅོད་ཀྱང་བྱེད་དགོས། ས་གནས་ཁག་གིས་གནས་ཚུལ་དེ་བསླབ་བྱར་བརྩིས་ནས་འདུ་འཛོམས་རང་བཞིན་གྱི་རིམས་ནད་ཐོན་པ་དང་ལྷག་པར་དུ་སྨན་ཁང་ནས་རིམས་ནད་འགོས་པའི་གནས་ཚུལ་སྔོན་འགོག་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་དགོས།
    ཚོགས་འདུའི་ཐོག་བསྟན་དོན། “སྔ་ཙམ་བཞི”ཐུབ་པ་བྱེད་པར་དང་ཐོག་སྔ་ཙམ་ཤེས་རྟོགས་ཐུབ་པ་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྔོན་འགོགདང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་པར་བརྟག་དཔྱད་ཚད་ལེན་ནུས་པ་གང་མགྱོགས་ཆེ་རུ་བཏང་ནས་གཞི་ཁྱོན་ཆེན་པོས་ཉིང་སྐྱུར་དང་འགོག་ནུས་བརྟག་དཔྱད་ཚད་ལེན་བྱེད་དགོས། དེ་ལྟར་བྱས་ན་སྔོན་འགོག་དང་ཚོད་འཛིན་གནད་དུ་སྨིན་པ་དང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་ལ་ཕན་པ་ཡོད་ལ། མི་སྣ་ལུགས་མཐུན་ངང་འགྲོ་སྐྱོད་དང་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་རྒྱུར་ཕན་པའང་ཡོད། བརྟག་དཔྱད་ཚད་ལེན་ལག་རྩལ་མགྱོགས་མྱུར་ལེགས་སུ་གཏོང་བ་དང་། དེ་བས་སྟབས་བདེ་བ་དང་ལས་ཆོད་ཆེ་བའི་བརྟག་དཔྱད་ཚད་ལེན་སྒྲིག་ཆས་ཐོན་སྐྱེད་བྱ་རྒྱུར་དམ་འཛིན་བྱེད་པ། བརྟག་དཔྱད་ཚད་ལེན་སྒྲིག་ཆས་སྨན་ཁང་དང་འགག་སྒོ་སོགས་འཕྲལ་མཁོ་ཆེ་སར་རྒྱ་ཁྱབ་ངང་སྤྲོད་པ། ཚོང་ལས་ཅན་གྱི་བཀོལ་སྤྱོད་རྒྱ་ཆེར་གཏོང་བ་བཅས་བྱས་ནས། གཙོ་གནད་མི་ཚོགས་ལ་བརྟག་དཔྱད་བྱེད་དགོས་རིགས་བརྟག་དཔྱད་བྱེད་ཐུབ་པ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་བཞིན་པའི་མི་སྣ་འདུ་འཛོམས་ཆེ་བའི་ཚན་པ་དང་ཡུལ་ལ་སྔོན་ཚུད་ནས་བརྟག་དཔྱད་བྱེད་འདོད་ཡོད་མཁན་ཚང་མ་བརྟག་དཔྱད་ཐུབ་པ་བྱེད་དགོས།
    ཚོགས་འདུའི་ཐོག་བསྟན་དོན། མཐའ་མཚམས་འགག་སྒོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གནས་ཚུལ་མི་འདྲ་བར་གཞིགས་ནས་ཁ་གཏད་སྔོན་ཇུས་བཟོ་དགོས། མཐའ་མཚམས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་མི་སྣ་དང་། བརྙན་པར་རིག་པའི་བརྟག་དཔྱད་དང་སྨན་བཅོས་སྐྱོབ་བཅོས་སོགས་ཀྱི་སྒྲིག་ཆས། རིམས་འགོག་དངོས་ཟོག་གཞན་དག་བཅས་ལ་སྤྱི་འདོམས་བཀོད་སྒྲིག་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།

  
style="display:none;"