འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་23ཉིན།

༄༅༎བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་ཟླ་9པར་
གཉེར་རྒྱུ་གནས་སྐབས་གཏན་འཁེལ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་23ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་བདེ་ཆེན་ནས་ཟླ་4ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་20ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས་བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་སྐུལ་སློང་ཚོགས་འདུ་འཚོགས་ཏེ། རིམ་ཁག་སྡེ་ཚན་ཁག་དང་སྤྱི་ཚོགས་ལས་རིགས་ཁག་ཁྱོན་ཡོངས་ནས་སྐུལ་སློང་བྱས་ཏེ་གྲ་སྒྲིག་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། བདེ་ཆེན་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་འདི་ལོའི་ཟླ་9པར་གཉེར་རྒྱུ་གནས་སྐབས་གཏན་འཁེལ་བྱུང་ཡོད་པ་རེད།
     བདེ་ཆེན་ཀྲོའུ་ཡིས་ཡུན་ནན་ནུབ་ངོས་ཀྱི་ཡུལ་སྐོར་སྐོར་ལམ་འཛུགས་སྐྲུན་གྱི་གོ་སྐབས་དམ་པོར་བཟུང་ནས་སྤུས་ཚད་དང་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་འོག ས་ཐམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་མགྱོགས་མྱུར་བཏང་ཐོག ས་ཐམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་འདི་ལོ་བསྐྲུན་ཟིན་པ་དང་མྱུར་བགྲོད་གཞུང་ལམ་རིག་གནས་ཡུལ་སྐོར་དུས་ཆེན་མ་གཉེར་གོང་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད། འབའ་ལུང་ནས་ལན་ཕིང་བར་དང་། སེམས་ཀྱི་ཉི་ཟླའི་ཡུལ་སྐོར་གྱི་སྐོར་ལམ་ཤར་མ། སེམས་ཀྱི་ཉི་ཟླ་ནས་གངས་རི་ཆེན་པོ་བར། སེམས་ཀྱི་ཉི་ཟླའི་ཡུལ་སུམ་ནས་ཨོ་རྒྱན་བར། འབའ་ལུང་ནས་འཇོལ་མདའ་བར་སོགས་ཀྱི་རིམ་པ་གཉིས་པའི་གཞུང་ལམ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། དེ་དང་དུས་མཚུངས་གཞུང་ལམ་ལམ་རྒྱུད་ཀྱི་རླངས་འཁོར་འཇོག་ས་དང་། ལྗོངས་གཟིགས་སྟེགས་བུ། ཡུལ་སྐོར་གསང་སྤྱོད། གློག་གསོག་ས་ཚིགས་སོགས་ཡུལ་སྐོར་ཞབས་འདེགས་སྒྲིག་ཆས་འཆར་འགོད་དང་འཛུགས་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ་བདེ་ཆེན་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།