མི་དམངས་དྲ་བ།>>མཐོ་རིམ་གནས་ཚུལ།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་23ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    མི་འབོར་དབུལ་པོ་དང་། མ་མཐའི་འཚོ་བ་འགན་ལེན་མི་སྣ། ལས་ཤོར་མི་སྣ་བཅས་ལ་རོགས་སྐྱོར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཀོད་སྒྲིག་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། མི་འབོར་དབུལ་པོ་དང་། མ་མཐའི་འཚོ་བ་འགན་ལེན་མི་སྣ། ལས་ཤོར་མི་སྣ་བཅས་ལ་རོགས་སྐྱོར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཀོད་སྒྲིག་དང་། ཀུན་ཕན་དངུལ་རྩའི་དཔྱད་ཞིབ་དབང་ཚད་མཐོ་རུ་གཏོང་བ་དང་དངུལ་ཁང་འབྲིང་ཆུང་གི་གུན་གསབ་མ་དངུལ་ཁེབས་རྒྱ་ཆུང་དུ་བཏང་ནས་ཕྲན་ཚེགས་ཁེ་ལས་ལ་དངུལ་རྩའི་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས། ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་ཚོང་དུད་ལ་ཁང་གླའི་གནོན་ཤུགས་ཆུང་དུ་གཏོང་རོགས་བྱེད་པའི་བྱ་ཐབས་གསལ་སྟོན་བཅས་གནང་བ་རེད།
   ཚོགས་འདུའི་ཐོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་སྔར་བྱུང་མྱོང་མེད་པའི་འགྲན་སློང་ལ་ཁ་གཏད་གཅོག་པར། ངེས་པར་དུ་དེ་བས་དམིགས་སའི་རང་བཞིན་ལྡན་པའི་བྱ་ཐབས་སྤྱད་དེ་གཞི་རྩའི་དམངས་འཚོ་འགན་ལེན་དང་ཐ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་ཡང་། གཅིག་ནས་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་སྐབས་ངལ་རྩོལ་ནུས་ཤུགས་དབུལ་པོ་སྔོན་ལ་ལས་ཀར་བཀོད་སྒྲིག་བྱེད་པ་དང་། རྒུད་གསབ་ལས་སྤྲོད་མ་འཇོག་འཛུགས་སྐྲུན་ཁོངས་གཏོགས་དང་ལག་བསྟར་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ངལ་རྩོལ་ཐོབ་ཆའི་བསྡུར་གྲངས་10%ནས་15%བར་མཐོ་རུ་བཏང་སྟེ། དབུལ་སྐྱོར་འཁོར་ཁང་དང་སྤྱི་ཕན་ལས་གནས་སོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པའི་གོ་སྐབས་མང་དུ་གཏོང་དགོས། དབུལ་སྐྱོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་འཇལ་བའི་དུས་ཚད་འདི་ལོའི་ལོ་མཇུག་བར་རིང་དུ་གཏོང་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་དབུལ་པོ་རང་ལོག་ཐེབས་སྲིད་པ་དང་དབུལ་པོ་ཆགས་པའི་ཉེན་ཁ་ཡོད་པའི་མི་སྣར་མཐིལ་རྟོགས་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རོགས་སྐྱོར་ཡག་པོ་བྱེད་དགོས། ངལ་རྩོལ་ནུས་ཤུགས་ཡོད་པའི་མཐའ་ལུས་མི་འབོར་དབུལ་པོ་དབུལ་སྐྱོར་གྱི་འབོར་ཉུང་དངུལ་བུན་གྱི་སྐྱེད་ཀ་སྤྲོད་པ་དང་རྩལ་ནུས་གསོ་སྦྱོང་སོགས་ཀྱི་དབུལ་སྐྱོར་སྲིད་ཇུས་ཁྱབ་ཁོངས་སུ་བཅུག་ནས་རྒྱབ་སྐྱོར་བྱེད་དགོས། བྱ་ཐབས་ཧུར་ཐག་སྤྱད་དེ་ས་ཁུལ་དབུལ་པོའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་རྒྱ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཞིང་པའི་ཡོང་འབབ་མང་དུ་གཏོང་དགོས། གཉིས་ནས་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་པ་དང་སྦྲགས། ལས་ཤོར་འགན་བཅོལ་ནང་ཞུགས་མེད་པ་མ་ཟད། ཡོང་འབབ་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལས་དམའ་བའི་ཞིང་པ་ལས་མི་སོགས་ཀྱི་ལས་ཤོར་མི་སྣ་མ་མཐའི་འཚོ་བ་འགན་ལེན་དང་རོགས་སྐྱོབ་སོགས་ཀྱི་ཁྱབ་ཁོངས་སུ་འཇུག་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་གནས་སྐབས་དཀའ་ངལ་འཕྲད་པའི་མི་སྣར་གནས་སྐབས་རོགས་སྐྱོབ་ཡག་པོ་བྱེད་དགོས། གསུམ་ནས་འདི་ལོ་བཏོན་པའི་ལོ་ན་མཐོ་བའི་ལས་ཤོར་མི་སྣར་ལས་ཤོར་འགན་བཅོལ་དངུལ་ལེན་པའི་དུས་ཚད་རིང་དུ་གཏོང་བ་དང་། དུས་མཚམས་རང་བཞིན་གྱི་སྒོ་ནས་ལས་ཤོར་ཁ་གསབ་རོགས་དངུལ་སྤྲོད་པ། རིན་གོང་གི་གནས་སྐབས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་བ་སོགས་ཀྱི་ལས་ཤོར་མི་སྣའི་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་བྱེད་པའི་རྨང་གཞིའི་ཐོག་ལས་ཤོར་འགན་བཅོལ་འགན་ལེན་གྱི་ཁྱབ་ཁོངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགན་བཅོལ་ནང་ཞུགས་མཁན་ལས་ཤོར་མི་སྣ་ཡོངས་བར་རྒྱ་ཆེར་གཏོང་དགོས། དེའི་ནང་། ན་ནིང་ཟླ་དང་པོ་ཚུན་དུ་འགན་བཅོལ་ནང་ཞུགས་ནས་ལོ་1ཀྱང་སོང་མེད་པའི་ལས་ཤོར་ཞིང་པ་ལས་མི་དུས་མཚམས་རང་བཞིན་གྱི་སྒོ་ནས་འགན་ལེན་ཁྱབ་ཁོངས་སུ་འཇུག་དགོས་ཞེས་བསྟན་ཡོད་པ་རེད།
   དངུལ་རྩའི་སྒྲིག་གཞིས་ཕྲན་ཚེགས་ཁེ་ལས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུའི་ཐད། ཚོགས་འདུའི་ཐོག དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་ཡན་ལག་དང་ཉིང་ལག་དངུལ་ཁང་གི་ཕྱོགས་བསྡུས་ལས་རྗེས་དཔྱད་ཞིབ་དམིགས་ཚད་ནང་གི་ཀུན་ཕན་དངུལ་རྩའི་དབང་ཚད་10%ཡན་མཐོ་རུ་བཏང་ནས། ཕྲན་ཚེགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེབས་བྱེད་དགོས། དེ་དང་ཆབས་ཅིག དངུལ་ཁང་འབྲིང་ཆུང་གི་གུན་གསབ་མ་དངུལ་ཁེབས་ཁྱོན་གྱི་ལྟ་འདོམས་བླང་བྱ་དུས་མཚམས་རང་བཞིན་གྱི་སྒོ་ནས་བརྒྱ་ཆའི་གྲངས་20བར་དམའ་རུ་བཏང་ནས། ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་དེ་བས་མང་བ་འདོན་སྤེལ་བྱས་ཐོག་ཕྲན་ཚེགས་ཁེ་ལས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་དགོས་པའི་གཏན་འཁེལ་བྱས་ཡོད་པ་རེད།
   ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཁང་གླའི་ཁུར་པོ་ཡང་དུ་གཏོང་ཆེད། ཚོགས་འདུའི་ཐོག གཞུང་ཁོངས་ཁང་པ་བོགས་མར་ལེན་མཁན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ལོ་སྟོད་ཀྱི་ཟླ་3གྱི་ཁང་གླ་རྩ་ཆག་གཏོང་དགོས། གཞུང་ཁོངས་ཁེ་ལས་དང་ལྷག་དོན་དུ་ཀྲུང་དབྱང་ཁེ་ལས་དང་མཐོ་སློབ་དང་། ཞིབ་འཇུག་ཁང་དང་སུའོ་སོགས་ཁེ་ལས་དང་བྱ་གཞག་ཚན་པས་སྣེ་ཁྲིད་དགོས་པའི་གཏན་འཁེལ་བྱས་ཡོད་པ་རེད།

  
style="display:none;"