མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་
ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་18ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ཡོད་པ་རེད།
    ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་གནད་སྨིན་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་དུ་བཏང་སྟེ་མཐའ་མཚམས་ས་ཁུལ་དང་འགག་སྒོའི་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པ། འདུ་འཛོམས་རང་བཞིན་གྱི་རིམས་ནད་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་བ་བཅས་བྱས་ཏེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བའི་མྱུར་ཚད་མགྱོགས་གཏོང་དང་གཞི་ཁྱོན་ཆེར་གཏོང་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།
    ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་དང་། མངའ་ཁོངས་བསྒྲལ་ནས་འགོ་བ་དང་ས་གནས་ཁ་ཤས་ཀྱི་གནས་དེ་གའི་རིམས་ནད་མཉམ་འདྲེས་བྱུང་བས། ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་རྒྱུ་མེད། ས་གནས་ཁག་གིས་འགན་འཁྲི་ནན་དུ་གཏོང་བ་དང་། དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ། ཉིང་སྐྱུར་དང་ནད་འགོག་ཞིབ་དཔྱད་ཚད་ལེན་གྱི་ནུས་པ་ཆེ་རུ་གང་མགྱོགས་གཏོང་བ། ཞིབ་དཔྱད་ཚད་ལེན་གྱི་ཁྱབ་ཁོངས་ཆེ་རུ་གཏོང་བ། གཙོ་གནད་ས་ཁུལ་གྱི་གཙོ་གནད་མི་ཚོགས་ལ་ཞིབ་དཔྱད་ཚད་ལེན་བྱེད་དགོས་རིགས་ཚང་མར་ཞིབ་དཔྱད་ཚད་ལེན་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་མི་དམངས་མང་ཚོགས་ལ་ཕན་པ་ཡོད་པ་ཞིག་ཡིན་ལ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་འགན་ལེན་ཡང་བྱེད་ཐུབ། སྡེ་ཁུལ་དང་སྤྱི་པའི་འདུ་འཛོམས་ཁུལ་གྱི་རྒྱུན་རྣམ་ཅན་གྱི་ཚན་རིག་དང་མཐུན་ལ་གནད་སྨིན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་ཏེ“ལེགས་བཤེར—ནད་གཞི་བརྟག་དཔྱད—སྙན་ཞུ—ལོགས་སུ་འཇོག་པ”བཅས་ཀྱི་དོ་དམ་ནན་པོའི་བླང་བྱ་དོན་འཁྱོལ་བྱས་ནས། རིམས་ནད་ཤེས་རྟོགས་བྱུང་མ་ཐག་གནད་སྨིན་བཀག་འགོག་བྱེད་དགོས། ལོགས་སུ་བཞག་པའི་མི་སྣར་མི་ཆོས་དང་མཐུན་པའི་སེམས་ཁུར་བྱེད་ཤུགས་ཆེ་རུ་གཏོང་དགོས། འདུ་འཛོམས་རང་བཞིན་གྱི་རིམས་ནད་ཐོན་པའི་ས་གནས་ཆ་ཤས་སུ། རིམས་ནད་འགོས་རྐྱེན་དུས་ཚོད་དམ་འཛིན་གྱིས་རྩད་ཆོད་མཐའ་གསལ་བྱས་ཏེ་རིམས་ནད་མཆེད་ལམ་འགོག་དགོས་པ་དང་། ལྷག་དོན་དུ་སྨན་ཁང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་འདང་ས་གསབ་པ་དང་སྨན་དོན་མི་སྣའི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབས་ཏེ་ཕན་ཚུན་འགོ་བའི་གནས་ཚུལ་གཏན་ནས་མི་ཐོན་པ་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་ཡོངས་བསྒྲགས་ཁ་གསལ་གྱི་སྒོ་ནས་རིམས་ནད་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་རྒྱུ་མཐའ་འཁྱོངས་བྱེད་དགོས།
    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམས་ནད་མངའ་ཁོངས་བསྒྲལ་ནས་འགོ་བའི་དུས་བབ་ཀྱི་འགྱུར་ལྡོག་གཞིར་བཟུང་། གཙོ་གནད་མངོན་གསལ་དོད་པོའི་ངང་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་དགོས། མཐའ་མཚམས་ཞིང་ཆེན་གྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་རེར་ཐབས་ཇུས་རེ་དང་། ཁུལ་དབྱེ་འགན་གཙང་ལེན་པ། འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་ཞན་ལྷུ་ཚིགས་ལ་ཤུགས་སྣོན་རྒྱག་དགོས། མཐའ་མཚམས་ཞིང་ཆེན་ནང་ཁུལ་དུ་སྨན་དོན་མི་སྣ་བཀོད་སྒྲིག་བྱེད་པ་དང་སྦྲགས། རྒྱལ་ཡོངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རིགས་གཅིག་མཁས་ཅན་དང་སྨན་བཅོས་མི་སྣ་མངགས་སྣོན་བྱས་ཏེ། ནད་ལྕི་དང་དབུགས་འབྱིན་རྔུབ་སོགས་ཁྱབ་ཁོངས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་མཐའ་མཚམས་ས་ཁུལ་དང་འགག་སྒོའི་གྲོང་ཁྱེར་དུ་རོགས་སྐྱོར་བྱེད་པར་སྐོང་འཐེན་བྱས་ནས། གཙོ་གནད་ཐོག་ས་གནས་དེ་གའི་ནད་དཔེ་བརྟག་དཔྱད་དང་ནད་པ་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་རོགས་བྱེད་དགོས།
    ཚོགས་འདུའི་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ས་གནས་ཁག་གི་ཉམས་མྱོང་དང་བྱ་ཐབས་བཟང་པོ་དུས་ཚོད་དམ་འཛིན་གྱིས་ཕྱོགས་སྡོམ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་བའི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བརྟན་པོའི་ངང་སླར་གསོ་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

  
style="display:none;"