འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་15ཉིན།

༄༅།།འདི་ལོའི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གཟའ་འཁོར་དེ་ཟླ་5ཚེས་9ཉིན་ནས་ཚེས་15ཉིན་བར་གཏན་འཁེལ་བྱས་པ།

མངའ་ཁོངས་ཕྱི་ནས་འགོ་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་བྱ་མི་རུང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་15ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲེན་ཧྲའོ་ཐེ།
    ཟླ་4ཚེས་12ཉིན་གྱི་ཆུ་ཚོད་24བར། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་31དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དུ་ད་ཆ་གཏན་འཁེལ་བའི་ནད་དཔེ་1156ཡོད་པའི་ནང་། ནད་ཚབས་ལྕི་བའི་ནད་དཔེ་121ཡོད་པ་དང་། རྒྱལ་ནང་གི་ནད་ཚབས་ལྕི་བའི་ནད་དཔེ་ཐོག་མར་100མན་ལ་ཆག་ཡོད། གཏན་འཁེལ་བའི་ནད་དཔེ་108མང་དུ་ཕྱིན་པའི་ནང་ནས་ནད་དཔེ་98ནི་མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེ་ཡིན་པ་དང་། རྒྱལ་ནང་གི་ནད་དཔེ་10ཡི་ཁྲོད་ནས་མང་ཆེ་བ་འདུ་འཛོམས་བྱས་ནས་འགོས་པའི་ནད་དཔེ་རེད། ནད་རྟགས་མེད་པའི་ནད་དཔེ་61མང་དུ་ཕྱིན་པའི་ནང་མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེ་12ཡོད། འདས་པའི་ནད་དཔེ་2མང་དུ་ཕྱིན་པ་དང་གཉིས་ཀ་ཧུའུ་པེ་ནས་རེད། དོགས་ཡོད་ནད་དཔེ་6མང་དུ་ཕྱིན་པ་ཚང་མ་མངའ་ཁོངས་ཕྱི་ནས་འགོས་པའི་ནད་དཔེ་རེད། དེ་ཉིན་ནད་གཞི་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་པའི་ནད་དཔེ་88ཡོད་པ་དང་། འབྲེལ་ཐུག་དམ་ཟབ་བྱེད་མྱོང་ཡོད་པའི་མི་1092ལ་གསོ་རིག་ལྟ་ཞིབ་བྱེད་མཇུག་འགྲིལ་བ་རེད། རིམས་ནད་ཐོན་པ་ནས་བཟུང་རང་རྒྱལ་དུ་རིམ་རྩིས་བྱས་ན། གཏན་འཁེལ་བའི་ནད་དཔེ་82160དང་། ནད་གཞི་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་པའི་ནད་དཔེ་77663 གྲོངས་པའི་ནད་དཔེ་3341ཟིན་པ་བཅས་ཁྱབ་བསྒྲགས་བྱས་པ་རེད།
    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་བརྡ་ཁྱབ་གསར་ཤོས་ལ་གཞིགས་ན། གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན། གཏན་འཁེལ་བའི་ནད་དཔེ་ཁྲི་160ལྷག་ཙམ་ཟིན་ནས་ཉིན་4བསྟུད་མར་ཉིན་རེར་གཏན་འཁེལ་བའི་ནད་དཔེ་ཁྲི་8ལྷག་ཙམ་ཟིན་ཡོད། མངའ་ཁོངས་ཕྱི་ནས་རིམས་ནད་འགོ་བའི་གནོན་ཤུགས་སྔར་བཞིན་ཧ་ཅང་ཆེ་བས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་ཡང་བྱ་མི་རུང་། ཚེས་13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་མངའ་ཁོངས་ཕྱི་ནས་རིམས་ནད་འགོ་བར་ཁྲིམས་ལྟར་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པའི་དྲི་བར་ལན་ཡང་བརྒྱབ་པ་རེད།
    ཉེ་ཆར་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྥུན་ཧོ་འགག་སྒོར་རིམས་ནད་མཆེད་ཚུལ་ཅུང་ཛ་དྲག་པོ་ཡོད། སུའེ་ཧྥུན་ཧོ་འགག་སྒོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་ཆེ་རུ་གཏོང་ཆེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལས་དོན་ཚོགས་ཆུང་དང་རིགས་གཅིག་མཁས་ཅན་ཚོགས་ཆུང་མངགས་པ་རེད། “མིག་སྔར་ཁོ་ཚོས་ས་གནས་དེ་གའི་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱས་ནས་རིམས་ནད་མ་མཆེད་སྔོན་འགོག་ཤུགས་ཆེན་བྱེད་བཞིན་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིམས་ནད་ཀྱི་དུས་བབ་ལ་དམིགས་ནས་དགོས་མཁོ་གཞིར་བཟུང་དུས་ཐོག་ཏུ་མི་སྣ་མངགས་ཏེ། འབྲེལ་ཡོད་ས་གནས་ཀྱིས་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་མཁན་རེད”ཅེས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་སྨི་ཧྥུང་གིས་བཤད།
    “མཐའ་མཚམས་འགག་སྒོའི་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ནི་ང་ཚོས་མངའ་ཁོངས་ཕྱི་ནས་འགོ་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགོག་སྲུང་འཛིང་རགས་དང་པོ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནད་ཡམས་ཚོད་འཛིན་ཅུས་ཀྱི་ཆེད་མངགས་ལྟ་ཞིབ་པ་ཝང་པིན་གྱིས་སྐམ་སའི་མཐའ་མཚམས་གྲོང་ཁྱེར་དང་རྫོང་གི་རིམས་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་ད་དུང་འདང་གི་མེད། ང་ཚོས་འཕྲལ་དུ་སྒྲུབ་དགོས་པའི་ལས་འགན་ནི་མཐའ་མཚམས་འགག་སྒོའི་ས་ཁུལ་གྱི་གྲོང་ཁྱེར་དང་རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་ཆེ་རུ་བཏང་སྟེ་ནད་པ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་ནུས་ཆེ་རུ་གཏོང་དགོས་ཞེས་བཤད།
    རྒྱལ་ཁོངས་སུ་འཛུལ་མཁན་མི་སྣར་དུས་ཐོག་ཏུ་དོ་དམ་བྱེད་པ་ནི་མངའ་ཁོངས་ཕྱི་ནས་རིམས་ནད་འགོ་བ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགག་རྩ་རེད། ཝང་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྒྱལ་མཚམས་ནས་འགྲོ་འོང་བྱེད་མཁན་ལ་གནད་སྨིན་རིགས་དབྱེ་དང་རིམ་དབྱེ་ཁག་བགོས་ཀྱི་དོ་དམ་ཐབས་ཇུས་ལག་བསྟར་བྱེད་ཀྱི་ཡོད། གཏན་འཁེལ་བའི་ནད་དཔེ་དང་། དོགས་ཡོད་ནད་དཔེ། དེ་བཞིན་ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་ཡོད་རིགས་ཤེས་མ་ཐག་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ལོགས་སུ་བཞག་ནས་སྨན་བཅོས་བྱེད་པར་སྐྱེལ་དགོས། དོགས་ཡོད་ནད་དཔེ་ཡིན་ན་ད་དུང་ཉིང་སྐྱུར་ཞིབ་དཔྱད་ལ་བརྟེན་ནས་གཏན་འཁེལ་དང་བསྐྱར་དུ་གྲལ་བཤེར་བྱེད་དགོས། འབྲེལ་ཐུག་དམ་ཟབ་བྱེད་མྱོང་ཡོད་པའི་མི་ལ་ཉིན་14ཡི་རིང་གཅིག་སྡུད་ལོགས་སུ་བཞག་ནས་གསོ་རིག་ལྟ་ཞིབ་བྱེད་དགོས་པ་དང་། དེའི་རིང་གལ་ཏེ་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་གྲལ་བཤེར་དང་སྨན་བཅོས་བྱེད་པར་སྐྱེལ་དགོས། སྨན་བཅོས་སྒྲིག་གཞིས་ནད་རྟགས་མེད་པའི་ནད་པ་ཡིན་པ་གཏན་འཁེལ་བྱས་རྗེས་སླར་ཡང་ཉིན་14ཡི་རིང་གི་གཅིག་སྡུད་ལོགས་སུ་བཞག་ནས་གསོ་རིག་ལྟ་ཞིབ་བྱེད་དགོས་པ་དང་། ཆུ་ཚོད་24ཡི་རིང་ཉིང་སྐྱུར་ཞིབ་དཔྱད་བྱེད་ཐེངས་གཉིས་ཀ་སྲིབས་གཤིས་སུ་གྱུར་རྗེས་ད་གཟོད་ལོགས་སུ་འཇོག་མཚམས་བཞག་ཆོག རྒྱལ་ཁོངས་སུ་འཛུལ་མཁན་གཞན་དག་ལ་རང་འགྲོ་སའི་ཞིང་ཆེན་དུ་ཉིན་14ཡི་རིང་གཅིག་སྡུད་ལོགས་སུ་འཇོག་དགོས་པ་དང་། ལོགས་སུ་བཞག་པའི་ཉིན་གསུམ་པ་དང་ལྔ་པར་རང་མོས་ཀྱིས་གྲོན་དངུལ་བཏང་ནས་ཉིང་སྐྱུར་ཞིབ་དཔྱད་ཐེངས་གཉིས་བྱེད་དགོས། དེ་དང་དུས་མཚུངས་ཉིན་ལྔ་པར་དྭངས་ཁྲག་ནད་འགོག་གི་ཞིབ་དཔྱད་ཐེངས་གཅིག་བྱེད་དགོས། ཞིབ་དཔྱད་བྱས་འབྲས་གསུམ་ཀ་སྲིབས་གཤིས་ཡིན་ན། གཅིག་སྡུད་ལོགས་སུ་བཞག་ནས་ཉིན་བདུན་སོང་རྗེས། རྒྱལ་ཁོངས་སུ་འཛུལ་མཁན་མི་སྣས་ཁྱིམ་དུ་ལོགས་སུ་བསྡད་ན་འགྲིག “མིག་སྔར་ཀྲུང་གོར་སྤྱད་པའི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ལ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་སྐྱོབ་བཅོས་དང་སྡེ་ཁུལ་གྱི་དྲ་མིག་ཅན་གྱི་དོ་དམ་ཚུད་ཡོད། ཀྲུང་གོ་བ་ཡིན་ནའང་འདྲ། ཡང་ན་ཕྱི་རྒྱལ་བ་ཡིན་ནའང་འདྲ། ང་ཚོས་སྤྱད་པའི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ནི་གཅིག་པ་གཅིག་ཀྱང་རེད”ཅེས་ཝང་པིན་གྱིས་བཤད།
   “ནད་རྟགས་མེད་པའི་ནད་པས་འགག་སྒོའི་ནད་ཡམས་ཞིབ་བཤེར་དང་གྲལ་བཤེར་གྱི་ལས་དོན་ལ་འགྲན་སློང་ཆེན་པོ་བཟོས་ཡོད” འགག་སྒོ་སྤྱི་ཁྱབ་ཧྲུའུ་ཕྱོགས་བསྡུས་ལས་སྒོ་སིའི་སི་ཀྲང་ཅིན་ཧའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འགག་སྒོ་ལས་ཁུངས་ཀྱིས་ཉེན་ཁ་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་དུ་ཡུལ་སྐོར་ལ་འགྲོ་མྱོང་བ་དང་། སྡོད་མྱོང་བ། འབྲེལ་ཐུག་དམ་ཟབ་བྱེད་མྱོང་བ་བཅས་དང་། དེ་བཞིན་ནད་རྟགས་ཡོད་མཁན་ལ་ཉིན་14ཡི་ནང་ཚུན་གྱི་རིམས་ནད་རིག་པའི་བརྟག་དཔྱད་100%བྱེད་པའི་རེ་འདུན་ཞུས་ནས་ནད་རྟགས་མེད་པའི་ནད་པ་དབྱེ་འབྱེད་བྱེད་ཚད་མཐོ་རུ་བཏང་ཡོད། མིག་སྔར་ཉིང་སྐྱུར་དཔེ་ལེན་ཞིབ་དཔྱད་ཀྱི་ཁྱབ་ཁོངས་ནི་མངའ་ཁོངས་སུ་འཛུལ་མཁན་མི་སྣ་ཡོངས་ལ་ཁྱབ་པར་བྱས་ཏེ། ཏོག་གསར་ནད་དུག་འགོ་མཁན་ལ་གྲལ་བཤེར་གང་ཐུབ་བྱེད་མཁན་རེད།
   རང་རྒྱལ་གྱི་སྐམ་སའི་མཐའ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ་ཁྲི་2.2ཟིན་གྱི་ཡོད། འགག་སྒོ་ཕུད་ད་དུང་མཐའ་མཚམས་མི་སེར་གྱི་གཞུང་ལམ་དང་། རྐང་ལམ། གྲུ་ཁ། ལམ་ཆུང་སོགས་འབོར་ཆེན་ཡོད། གནས་ཚུལ་ཧ་ཅང་རྙོག་འཛིང་ཆེ་བས་ཕྱི་ནས་འགོ་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཇི་ལྟར་བྱེད་དགོས་སམ།
    རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་ཅུས་མཐའ་སྲུང་ཞིབ་བཤེར་དོ་དམ་སིའི་སི་ཀྲང་ལིའུ་ཧའེ་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་གནས་སྤོས་མི་སེར་ཅུས་ཀྱིས་རྒྱལ་མཚམས་ནས་ངེས་པར་དུ་འགྲོ་འོང་བྱེད་དགོས་ངེས་མིན་པའི་མི་སྣ་འགྲོ་འོང་བྱེད་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་། རྒྱལ་ཁབ་ཕུང་གསུམ་མའི་མི་སྣ་མཐའ་མཚམས་འགག་སྒོ་ནས་འགྲོ་འོང་གཏན་འགོག་བྱེད་པ། མཐའ་མཚམས་ས་ཁུལ་ཁག་ནས་འགྲོ་འོང་ལག་ཁྱེར་ལ་ཚོད་འཛིན་ནན་པོ་བཅས་བྱེད་ཀྱི་ཡོད། རིམས་ནད་ཐོན་རྗེས་སྒོ་བརྒྱབ་པའི་མཐའ་མཚམས་འགག་སྒོ་མུ་མཐུད་སྒོ་རྒྱག་རྒྱུ་དང་། དུས་ཚིགས་རང་བཞིན་གྱི་འགག་སྒོ་དབྱེ་རྒྱུ་ནར་འགྱངས་བྱས་པ། མི་སྣ་མཐའ་མཚམས་འགག་སྒོ་དང་མཐའ་མཚམས་བགྲོད་ལམ་ནས་འགྲོ་འོང་ཚོད་འཛིན་བྱས་ཏེ་ཟོག་འདྲེན་མ་གཏོགས་རང་སོར་བཞག་མེད། ས་གནས་ཀྱི་ལས་བྱེད་མང་ཚོགས་དང་མཉམ་དུ་ཉེན་རྟོག་པའི་སྟོབས་ཤུགས་ལེགས་སྒྲིག་དང་བཀོད་སྒྲིག་ཡག་པོ་བྱས་ནས། ཁྲིམས་ལས་འགལ་ཏེ་རྒྱལ་མཚམས་ནས་འགྲོ་འོང་བྱེད་བདེ་བའི་རྐང་ལམ་དང་། ལུང་མདོ། གྲུ་ཁ། ལམ་ཆུང་སོགས་སུ་སྐོར་གཡེང་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་ལས་འགལ་ཏེ་མཐའ་མཚམས་ནས་འགྲོ་འོང་དང་། ལྐོག་ཚོང་རྒྱག་པ། དུག་ཚོང་རྒྱག་པ་སོགས་རྒྱལ་མཚམས་ལས་སྒྲོལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་རིགས་ལ་རྡུང་རྡེག་ཚ་ནན་གཏོང་གི་ཡོད་ཅེས་བཤད།
   ཕྱི་རྒྱལ་དུ་རིམས་ནད་མཆེད་པ་དང་བསྟུན་ནས་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་རིམ་བཞིན་ཉུང་དུ་ཕྱིན་པས་རང་རྒྱལ་དུ་འཕྲལ་མར་ལོག་དགོས་པའི་ཕྱི་སྦྱོང་སློབ་མ་རྒྱལ་ནང་དུ་ལོག་པའི་གནད་དོན་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།
     ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་སྐྱེལ་འདྲེན་ཅུས་ཀྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཅིན་ཅུན་ཧའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུའི་གྲངས་འབོར་ཉུང་དུ་བཏང་ཡོད། འོན་ཀྱང་མངའ་ཁོངས་ཕྱིའི་རྒྱལ་ཁབ་40དང་གྲོང་ཁྱེར་61དབར་གྱི་གཟའ་འཁོར་རེར་གནམ་་གྲུ་འཕུར་ཐེངས་134ལས་མི་བརྒལ་བའི་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུའི་གྲངས་འབོར་སྔར་བཞིན་རང་སོར་བཞག་ཡོད།
    “གོམ་སྟབས་རྗེས་མར་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཕྱི་འབྲེལ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་འབྲེལ་ཡོད་ཚན་པ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། དུས་ཐོག་ཏུ་མཁའ་འགྲུལ་སྐྱེལ་འདྲེན་འགན་སྲུང་ལམ་སྲོལ་འགོ་བཙུགས་ནས་རིམ་པ་དང་གོ་རིམ་ལྡན་པའི་སྒོ་ནས་རིམས་ནད་ཚབས་ཆེ་བའི་རྒྱལ་ཁབ་ནས་ལོག་དགོས་ངེས་ཀྱི་ཕྱི་སྦྱོང་སློབ་མ་རྒྱལ་ནང་དུ་ལོག་པར་སྟབས་བདེ་སྐྲུན་ངེས་རེད”ཅེས་ཅིན་ཅུན་ཧའོ་ཡིས་བཤད་པ་དང་། ཁོང་གིས་རིམས་ནད་ཚབས་ཆེ་བའི་རྒྱལ་ཁབ་ནས་ལོག་སྐབས་ལམ་ཐག་རིང་བས། ལམ་བར་དུ་རླངས་འཁོར་དང་། གནམ་གྲུ་ཐང་། གནམ་གྲུ་བརྗེ་བ་སོགས་བརྒྱུད་རིམ་མང་པོ་བརྒྱུད་དགོས་སྟབས། རིམས་ནད་འགོ་བའི་ཉེན་ཁ་ཆེ་ཙམ་ཡོད། “ཕྱི་སྦྱོང་སློབ་མ་དང་ཁྱིམ་བདག་ཚོས་ངེས་པར་དུ་ས་གནས་དེ་གའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་དང་རང་ངོས་ཀྱི་གནས་ཚུལ་ལ་བསམ་གཞིག་བྱས་ཏེ། ཐག་རིང་འགྲུལ་བཞུད་བྱེད་སྐབས་གཟབ་ནན་དང་། ཚན་རིག་དང་མཐུན་པ། སེམས་ལྷོད་ལྷོད་བཅས་བྱེད་དགོས”ཞེས་དྲན་སྐུལ་བྱས་པ་རེད།