འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅༎མཚོ་སྔོན་གྱིས་བྱ་ཐབས་བཏོན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་པར་གཅེས་སྐྱོང་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 11:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས《རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ལས་དོན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་བརྡ་ཐོ》བཀྲམ་སྟེ་ཕྱོགས་9ཡི་ཐད་ནས་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཐབས་དོན་འཁྱོལ་བྱ་རྒྱུ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། བྱེད་ཐབས་ནང་སྡེ་ཁུལ(གྲོང་ཚོ)“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་། སྡེ་ཁུལ(གྲོང་ཚོ)ཆེད་བཀོད་ལས་དོན་པ་སོགས་འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ལས་དོན་པར་སྤྲོད་གཅིག་མའི་ལས་ཀའི་ཁ་གསབ་སྤྲོད་དགོས་པ་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་སྡེ་ཁུལ་རེར་སྒོར་ཁྲི་2.4ལས་མི་དམའ་བ་དང་། གྲོང་ཚོ་རེར་སྒོར་ཁྲི་1.8ལས་མི་དམའ་བ་སྤྲོད་དགོས་པ། ས་ཁུལ་གཞན་དག་གི་སྡེ་ཁུལ་རེར་སྒོར་ཁྲི་1.8ལས་མི་དམའ་བ་དང་། གྲོང་ཚོ་རེར་སྒོར་ཁྲི་1.2ལས་མི་དམའ་བ། སྡེ་ཁུལ(གྲོང་ཚོ)གྱིས་ལས་དོན་མི་སྣ་ཚང་མས་འགན་འཁུར་བའི་ལས་ཀའི་ཚད་གཞི་དང་། ཞབས་ཞུའི་འཁོར་རྒྱ། ཁོངས་གཏོགས་ཁུལ་གྱི་མི་འབོར་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་ལས་ཀའི་ཁ་གསབ་ལུགས་མཐུན་ངང་སྤྲོད་དགོས་ལུགས་ཁ་གསལ་བཏོན་ཡོད་པ་རེད། དེ་དང་ཆབས་ཅིག་ལས་རྨས་ཐོབ་ཐང་དོན་འཁྱོལ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ལས་དོན་པར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ལས་འཛོལ་གྱི་གནོད་འཚེ་ཕོག་པའམ་ཡང་ན་ནད་གཞི་ཕོག་རིགས་ལ《ལས་རྨས་འགན་བཅོལ་སྲོལ་ཡིག》ནང་གཏན་འཁེལ་བྱས་པའི་གནས་ཚུལ་དང་མཐུན་ཚེ་ཁྲིམས་ལྟར་ལས་རྨས་ལ་གཏན་འཁེལ་བྱེད་དགོས་པ་དང་། ལས་རྨས་འགན་བཅོལ་ནང་ཞུགས་རིགས་ལ་འབྲེལ་ཡོད་ཀྱི་འགྲོ་གྲོན《ལས་རྨས་འགན་བཅོལ་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་སྤྲོད་དགོས་པ། ལས་རྨས་འགན་བཅོལ་ནང་ཞུགས་མེད་རིགས་ལ་རྫོང(གྲོང་ཁྱེར་དང་ཆུས)སྲིད་གཞུང་གིས་ཁྲིམས་གཏན་འཁེལ་བའི་ཚད་གཞིར་གཞིགས་ནས་གཏོང་སྤྲོད་བྱེད་དགོས།
     ཁུར་པོ་ཡང་དུ་དང་གནོན་ཤུགས་ཆུང་དུ་བཏང་སྟེ་འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ལས་དོན་པའི་སེམས་ཁམས་བདེ་ཐང་འགན་ལེན་བྱེད་དགོས་ཤིང་། རེས་མོས་ངལ་གསོ་དང་ངལ་གསོ་ཁ་གསབ་སྤྱི་འདོམས་བཀོད་སྒྲིག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ལས་དོན་པ་དུས་ཐོག་ཏུ་ངལ་གསོ་ཐུབ་པའི་འགན་ལེན་བྱེད་པ་དང་། དུས་ཡུན་རིང་པོ་ལས་དོན་ཚད་ལས་བརྒལ་ནས་སྒྲུབ་མཁན་ལས་དོན་པར་བཙན་ཤེད་ཀྱིས་ངལ་གསོ་བཀོད་སྒྲིག་བྱེད་པ་དང་། གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་གཟུགས་པོར་བརྟག་དཔྱད་བྱེད་རྒྱུའི་བཀོད་སྒྲིག་བྱེད་པ། འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ལས་དོན་པའི་སེམས་ཁམས་བདེ་ཐང་གི་གནས་ཚུལ་ལ་དོ་ཁུར་དང་དུས་ཐོག་ཏུ་སེམས་ཁམས་ཁྲིད་སྟོན་བྱས་ཏེ་སེམས་ཁམས་ཀྱི་གནོན་ཤུགས་ཞི་ལྷོད་དུ་གཏོང་དགོས།