འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅༎དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རིམས་ནད་ལས་རྣམ་པར་རྒྱལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ལོ་རྒྱུས་ཡུན་རིང་ལྡན་པའི་ཝུའུ་ཧན་ནི་ཞིང་ཆེན་དགུར་སྐྱོད་པའི་འགྲིམ་འགྲུལ་འགག་གནད་ཅིག་རེད། འབྲི་ཆུ་ཝུའུ་ཧན་གྱི་ས་གཞི་ཆེ་མོ་བརྒྱུད་ནས་ཤང་ཤང་དུ་རྒྱུག་པས་དེ་གར་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་ཧྭའི་ཤེས་དཔལ་རིག་གནས་གྲུབ་པ་མ་ཟད། ཤེས་ཡོན་ཅན་གྲངས་ལས་འདས་པས་གནས་དེར་ཀུན་དད་ཀུན་མོས་ཀྱི་སྙན་ཚིག་མང་པོ་བརྩམས་ཡོད་པ་དེ་དག་གིས་མི་སེམས་ལ་སྐུལ་མ་མི་ཐེབས་པ་ག་ལ་སྲིད།
     ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན་ཁོང་ཡངས་དཀྱེལ་ཆེའི་གྲོང་ཁྱེར་དེས་གློ་བུར་དུ་ཐོན་པའི་ནད་དུག་དང་ཤི་གསོན་གྱི་དམག་འཐབ་བྱས་ཡོད། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཕྱོགས་བཞི་མཚམས་བརྒྱད་ནས་རྒྱབ་སྐྱོར་བྱས་ཤིང་། རིམས་ནད་ཐོན་ཚུན་ཀྲུང་གོའི་ས་གནས་ཁག་གི་སྨན་དོན་མི་སྣ་ཚོས་རང་འགུལ་ངང་རིམས་ནད་དང་འཐབ་པའི་དམག་འཁྲུག་ལ་ཞུགས་རྒྱུའི་རེ་འདུན་ཕུལ་ནས་ཧུའུ་པེར་རོགས་སྐྱོར་དུ་བསྐྱོད་ཡོད། མང་ཚོགས་དཀྱུས་མས་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁག་ལ་བརྩི་སྲུང་ནན་པོ་ཞུས་པས་གྲོན་ཆུང་ཐུབ་པའི་ཁ་རས་རྣམས་རིམས་ནད་ཐོན་ཚབས་ཆེ་ཁུལ་གྱི་ས་ཁུལ་དུ་སྤྲད་དེ་ལེགས་སྐྱེས་འབུལ་བར་སྤྲོ་བའི་སྙིང་སྟོབས་ལས་རང་ཉིད་ལ་སེམས་འགུལ་ཚད་མེད་ཐེབས་ནས་དགའ་མགུ་ཡི་རང་བྱུང་། ཀྲུང་གོའི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ངང་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད་ཀྲུང་གོའི་ས་གཞི་ཆེ་མོའི་རིམས་ནད་ཁྱབ་མཆེད་རྩ་བའི་ཆར་བཀག་འགོག་ཐུབ་སྟེ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མྱུར་སླར་གསོ་ཐུབ་ཡོད།
     ཀྲུང་གོས་དཀའ་སྡུག་མང་པོ་བརྒྱུད་མྱོང་ཡོད། ག་དུས་ཡིན་རུང་ཀྲུང་གོའི་མི་དམངས་ཚང་མས་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་གྱི་ཡོད། 2003ལོར་ཀྲུང་གོ་མི་དམངས་ཀྱིས་དམིགས་བསལ་གློ་ཚད་ཀྱི་རིམས་ནད་ལས་དཔའ་ངར་ཞུམ་མེད་ངང་རྣམ་པར་རྒྱལ་བའང་བློ་ལ་བརྟན་པོར་ངེས་བཞིན་ཡོད། ད་ཐེངས་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོག་རྒོལ་བྱེད་སྐབས་ཀྲུང་གོའི་མི་དམངས་དང་ལྷག་པར་དུ་ཝུའུ་ཧན་མི་དམངས་ཀྱིས་བློས་གཏོང་འབོར་ཆེན་བྱས་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་སྤྱིར་བཏང་མིན་པའི་ལེགས་སྐྱེས་ཕུལ་ཡོད།
     ཧན་གོར“ཆར་རྗེས་ཀྱི་ས་གཞི་དེ་བས་སྲ་ཞིང་བརྟན”ཞེས་པའི་ཤོད་སྲོལ་ཞིག་ཡོད། ངས་ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་འཛམ་གླིང་དང་མཉམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱེད་པའི་རེ་བ་བྱེད་ཀྱི་ཡོད། རིམས་ནད་འཇགས་རྗེས་ཀྲུང་གོས་སྨན་བཅོས་བདེ་ཐང་གི་དོ་དམ་དང་རིག་ནུས་སྡེ་ཁུལ་འཛུགས་སྐྲུན་སོགས་ལ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཏེ་འཆར་འགོད་གསར་པ་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།
     ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་པས་རྒྱལ་ཁབ་གཅིག་ཁོ་ནའི་འབད་བརྩོན་ལ་བརྟེན་ན་ནད་དུག་ཁྱབ་མཆེད་བཀག་འགོག་མཐའ་གཅིག་ཏུ་བྱེད་དཀའ་བས་རྒྱལ་མཚམས་ལས་སྒྲོལ་བའི་རིམས་འགོག་གི་འགོག་རགས་སྐྲུན་པར་ལྷོད་གཡེང་གཏན་ནས་གཏོང་མི་རུང་། ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དམིགས་བསལ་དབུ་ཚོགས་ཐོག་རྒྱལ་ཁབ་ཁག་མཉམ་དུ་བྱ་སྤྱོད་སྤེལ་ནས་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གོ་སྐབས་བཟང་པོ་བསྐྲུན་ཡོད། རྒྱལ་ཁབ་ཁག་གིས་གོ་སྐབས་དམ་འཛིན་བྱས་ནས་གོ་ལ་ཧྲིལ་པོའི་རིམས་འགོག་མ་ལག་སྐྲུན་རྒྱུར་སྐུལ་མ་གཏོང་དགོས། གཞན་ཡང་རྒྱལ་ཁབ་ཁག་གིས་ད་དུང་ད་ཐེངས་ཀྱི་གོ་སྐབས་དེ་དང་བསྟུན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་གཏོད་འཚོལ་ཞིབ་བྱས་ཏེ་རིག་ནུས་གྲོང་ཁྱེར་སྐྲུན་རྒྱུར་སྐུལ་གཏོང་སོགས་གསར་གཏོད་ཀྱི་ཇུས་གཞི་བཏོན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་ཕྱར་བ་གྲུ་འདེགས་ངང་སྐུལ་འདེད་གཏོང་དགོས།