འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅༎གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཏོག་གསར་གློ་ཚད་རིམས་ནད་གློ་བུར་དུ་ཐོན་པས་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་སེམས་ཁྲལ་ཆེན་པོ་བཟོས་ཡོད། རིམས་ནད་ཐོན་རྗེས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཀུན་སེམས་གཅིག་སྒྲིལ་ངང་སྨན་དོན་མི་སྣ་མགྱོགས་མྱུར་འདུ་འཛོམས་དང་དངོས་ཟོག་སྣ་ཚོགས་གྲ་སྒྲིག་བྱས་ཏེ་ཧུའུ་པེ་དང་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པར་བསྐྱོད་ཡོད། འདི་ལྟ་བུའི་བརྡ་ལན་མགྱོགས་སྤྲོད་དང་ཀུན་སེམས་གཅིག་སྒྲིལ་གྱི་བྱ་སྤྱོད་སྤེལ་ཤུགས་དང་སྙིང་སྟོབས་ནི་ཀུན་གྱིས་ཡིད་སྨོན་བྱེད་པ་ཞིག་རེད། རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས། ཀྲུང་གོའི་སྤྱི་པའི་འཕྲོད་བསྟེན་མ་ལག་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་གི་ནུས་པ་ཤིན་ཏུ་ཆེ་བ་ནི་འཛམ་གླིང་དུ་མཐོང་དཀོན་པ་ཞིག་རེད། གཅིག་སྡུད་དོ་དམ་དང་། སྨན་ཁང་གསར་རྒྱག ཆ་འཕྲིན་ཡོངས་བསྒྲགས་བཅས་ནས་གོ་ལ་ཧྲིལ་པོའི་མཉམ་ལས་བར་ཀྲུང་གོས་བྱེད་ཐབས་རབ་དང་རིམ་པ་སྤྱད་ནས་རིམས་ནད་ཁྱབ་མཆེད་བཀག་འགོག་ནུས་ལྡན་བྱས་པ་དང་ཀྲུང་གོའི་ལས་ཕྱོད་དང་ཀྲུང་གོའི་སྟོབས་ཤུགས་མངོན་པར་བྱས་ཡོད།
     སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ཐོག་མཐའ་བར་གསུམ་དུ་བརྩི་མཐོང་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་རེད། རིམས་ནད་ཐོན་པ་ནས་ད་བར་ཀྲུང་གོས་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ལ་བརྟེན་ནས་རིམས་ནད་ཀྱི་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་བརྡ་ཁྱབ་བཏང་བ་དང་རྒྱལ་སྤྱི་དང་མཉམ་ལས་ཧུར་ཐག་བྱས་པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གདེང་འཇོག་ཐེངས་མང་ཐོབ་ཡོད། རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ནང་ཀྲུང་གོས་རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོང་ཧུར་ཐག་བྱས་པ་མ་ཟད། རྒྱལ་ཁབ་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་ཡོད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་སྲུང་སྐྱོང་བྱེད་མཁན་གྱི་མིག་དཔེ་ཞིག་རེད། ཆེད་ལས་མི་སྣ་མང་པོ་ཞིག་ལའང་ང་དང་ལྟ་ཚུལ་གཅིག་མཚུངས་ཡོད་པའི་ཡིད་ཆེས་ཡོད།
     རིམས་ནད་ཐོན་ཚུན་ཁོ་ལོམ་པི་ཡ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གིས་བསམ་གཞིག་བྱེད་དགོས་བྱུང་ཡོད། དེས་ན་རྒྱལ་ཁབ་ཁག་གིས་འབྲེལ་ཡོད་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཉེན་ཟོན་སྔོན་བརྡའི་ལམ་སྲོལ་དང་མགྱོགས་མྱུར་བརྡ་ལན་སྤྲོད་པའི་ལམ་སྲོལ་བཙུགས་ནས་གཞི་ཁྱོན་ཆེ་བའི་རིམས་ནད་ཀྱི་མངོན་མེད་རྐྱེན་ངན་ལྡན་སྐབས་དུས་ཐོག་ཏུ་བྱེད་ཐབས་སྤྱད་དེ་གནད་དོན་འབྱུང་རྩ་ནས་མེད་པར་བཟོ་དགོས། གཞན་ཡང་། ང་ཚོས་ད་དུང་སྤྱི་པའི་འཕྲོད་བསྟེན་མ་ལག་ལེགས་བཅོས་བྱེད་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཞན་གྱི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་དགོས།
     ཁོ་ལོམ་པི་ཡ་དང་ཀྲུང་གོ་མ་གཞི་རྒྱ་མཚོ་ཆེན་པོས་ཆོད་ཀྱང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ནི་ཆུ་བོའི་རྒྱུན་ལྟར་རིང་བས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་སྤེལ་རེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ཀྲུང་གོས་སྣོད་བཅུད་ཁོར་ཡུག་ལེགས་གཏོང་དང་། དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་འདེད། འཛམ་གླིང་དང་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་སོགས་ཀྱི་ཐད་འབད་བརྩོན་མང་པོ་བྱས་ཡོད་ལ་ལེགས་སྐྱེས་ཀྱང་ཧུར་ཐག་ཕུལ་ཡོད། རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་ཀྲུང་གོར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལེགས་ཆ་ཆེན་པོ་ལྡན་ཡོད་པས་ཤུགས་རྐྱེན་ཐེབས་པ་ནི་གནས་སྐབས་ཙམ་རེད། རིམས་ནད་མཇུག་འགྲིལ་རྗེས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གསོན་ཤུགས་སླར་ཡང་རྒྱས་ཏེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་འགྲོ་བའི་ཡིད་ཆེས་ང་ལ་ཡོད། འཛམ་གླིང་ལ་སྒུལ་ཤུགས་ཀྱིས་ཁེངས་པའི་ཀྲུང་གོ་ཞིག་དགོས་ལ། ཀྲུང་གོས་ཀྱང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་སྲིད།