འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅༎ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ཡག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། རིམས་ནད་ཐོན་རྗེས། ཀྲུང་གོ་སྲིད་གཞུང་གིས་རིམས་ནད་ཀྱི་དུས་བབ་ལ་ཡང་དག་པའི་བརྡར་ཤ་བཅད་པའི་རྨང་གཞིའི་ཐོག“ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས། གནད་སྨིན་ཇུས་བསྟར”བཅས་ཀྱི་སྤྱིའི་བླང་བྱ་བཏོན་ནས་འཕྲལ་མར་བཀོད་སྒྲིག་བྱས་པ་དང་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་བཏོན་ཡོད། ཀྲུང་གོ་མི་དམངས་ཀྱིས་རྡོག་རྩ་གཅིག་ཏུ་བསྒྲིལ་བ་དང་ས་གནས་ཁག་གི་སྲིད་གཞུང་གིས་ལག་བསྟར་མཐའ་གཅིག་ཏུ་བྱས་ཡོད། ང་ཚོར་བག་ཆགས་ཟབ་ཤོས་བྱུང་བ་ནི་ཝུའུ་ཧན་གྱི་ནད་པ་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པ་དང་སྨན་བཅོས་བྱེད་དགོས་རིགས་ཚང་མར་སྨན་བཅོས་ཐུབ་ཆེད། ཀྲུང་གོས་དུས་ཐུང་ཉིན་བཅུ་གྲངས་ནང་ཧོ་ཧྲེན་ཧྲན་དང་ལུའེ་ཧྲེན་ཧྲན་སྨན་ཁང་གཉིས་བསྐྲུན་པ་ལས། ཀྲུང་གོའི་ཆུ་ཚད་མཐོ་བའི་རྒྱལ་ཁབ་བཅོས་སྐྱོང་ནུས་པ་མཚོན་ཐུབ། ཀྲུང་གོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་ལས། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ལེགས་ཆ་གང་ལེགས་མངོན་ཡོད།
     ཏོག་གསར་གློ་ཚད་ཀྱི་ནད་དུག་ནི་མིའི་རིགས་ཀྱི་ཐུན་མོང་གི་དགྲ་བོ་ཡིན་པས་རྒྱལ་ཁབ་ཁག་གིས་མཉམ་དུ་ཁ་གཏད་གཅོག་དགོས། ཀྲུང་གོས་རིམས་ནད་ལ་ཁ་གཏད་གཅོག་པའི་བརྒྱུད་རིམ་ནང་ཐོག་མཐའ་བར་གསུམ་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་འབྲེལ་གཏུག་ཡག་པོ་རྒྱུན་འཁྱོངས་བྱས་ཁར་རྒྱལ་ཁབ་ཁག་དང་རིམས་འགོག་ཉམས་མྱོང་ལོངས་སྤྱོད་ཧུར་ཐག་བྱས་པ་ལས། རྒྱལ་ཁབ་ཆེན་པོ་ཞིག་གི་འགན་འཁུར་གྱི་སེམས་པ་མངོན་ཡོད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཧ་ཅང་མཐོང་ཆེན་གནང་སྟེ་རྒྱལ་ཁབ་མང་པོའི་འགོ་ཁྲིད་པ་དང་ཞལ་པར་ནས་བཀའ་མོལ་གནང་བ་དང་ཀྲུང་གོའི་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད། ཀྲུང་གོས་རིམས་ནད་ལ་ཁ་གཏད་གཅོག་པའི་མཚོན་ཚུལ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད།
     1978ལོར་ཀྲུང་གོའི་ཤང་ཀང་དུ་སློབ་སྦྱོང་བྱེད་པའི་སྐབས་ནས་ངས་ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་ཕྱོགས་ལ་རྟག་ཏུ་དོ་སྣང་ཟབ་མོ་བྱེད་པ་དང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ལ་ཞིབ་འཇུག་བྱེད་ཀྱི་ཡོད། 2003ལོའི་དམིགས་བསལ་གློ་ཚད་དང་2008ལོའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་བཅས་གང་ཡིན་རུང་ཀྲུང་གོས་བདེ་བླག་ངང་ཁ་གཏད་བཅག་ཡོད། ངས་བལྟས་ན། ད་ཐེངས་ཀྱི་རིམས་ནད་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་ནི་གནས་སྐབས་ཙམ་རེད་སྙམ་གྱི་འདུག ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་སྲིད་གཞུང་གིས་སེམས་ཐག་ཆོད་པའི་བྱ་ཐབས་རབ་དང་རིམ་པ་སྤྱད་པ་དང་བྱ་ཐབས་ཁག་མང་པོ་བཏོན་ཡོད། དཔེར་ན། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་སྐབས་གཙོ་གནད་འགན་སྲུང་ཁེ་ལས་ལ་ནོར་སྲིད་ཀྱི་སྐྱེད་གསབ་སྤྲོད་པ་དང་། མ་རྩ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་བུན་གྱི་སྐྱེད་ཚད་དམའ་རུ་འོས་འཚམ་གཏོང་བ། ཡིད་རྟོན་དངུལ་བུན་དང་དུས་ཡུན་རིང་འབྲིང་གི་དངུལ་བུན་མང་དུ་གཏོང་བ་སོགས་བྱས་ཡོད། དཔལ་འབྱོར་གྱི་བྱ་ཐབས་ནུས་ལྡན་གྱི་རྒྱབ་སྐྱོར་འོག་ཀྲུང་གོའི་ཁེ་ལས་ཀྱིས་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་ཤོས་སུ་གཏོང་ཐུབ་པའི་ཡིད་ཆེས་ཡོད་ལ། ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ཡང་ཡག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།