འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅།།དབུལ་སྐྱོར་འཁོར་ཁང་གིས་ས་མཐོའི་རི་གྲོང་གི་ དབུལ་སྒྲོལ་ལམ་བུ་བརྟན་དུ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལོ་ཞའོ་ཧྥེ་ཡིས།
    ● “དབུལ་སྐྱོར་འཁོར་ཁང་ནི་ཏང་ཡོན་གྱི་བྱེད་སྒོ་ཁང་སྒྱུར་བཀོད་བྱས་ནས་བཟོས་པ་ཞིག་ཡིན། འདི་གའི་འཚེམ་འཁོར་42དེ་ཚོ་དབུལ་སྐྱོར་འབྲེལ་གཏུག་ཚན་པས་ཞལ་འདེབས་བརྒྱབ་པ་ཞིག་རེད། ང་ཚོས་གྲོང་ཚོ་འདི་གའི་གྲོང་མི་50དེ་གར་བསྡུས་པ་མ་ཟད། ད་དུང་ཉེ་འཁོར་གྲོང་ཚོའི་མང་ཚོགས་དབུལ་པོ་ཡང་བསྡུས་ཡོད”ཅེས་འབུམ་ཁང་ཁུག་གྲོང་ཚོའི་དབུལ་སྐྱོར(གྲོང་སྡོད)ལས་དོན་རུ་ཁག་གི་ཧྲུའུ་ཅི་དང་པོ་རྡོ་རྗེ་རབ་བརྟན་གྱིས་བརྗོད་པ་རེད།
   ● མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་འཆར་འགོད་ནོར་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཆིའུ་ལི་ཁྲའོ་ཡིས་ཉེ་བའི་ལོ་ཤས་ནང་མཚོ་སྔོན་ཞིང་ཆེན་གྱིས་ནས་དང་། གྲོང་གསེབ་ཡུལ་སྐོར། མི་རིགས་ལག་ཤེས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་དམིགས་ཏེ་དབུལ་སྐྱོར་འཁོར་ཁང་སྣ་ཚོགས་ཁྱོན་བསྡོམས་310བཙུགས་ནས་མང་ཚོགས་ཁྲི་1.4ཐག་ཉེ་ས་དང་རང་ཡུལ་དུ་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་ཡོད། དེའི་ནང་ངལ་ནུས་དབུལ་པོ་ཁྲི་0.6ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
    ས་མཐོར་དཔྱིད་ཀ་ཤར་ཚུན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུད་རིགས་རང་སྐྱོང་རྫོང་རྩ་བ་གྲོང་རྡལ་འབུམ་ཁང་ཁུག་གྲོང་ཚོའི་དབུལ་སྐྱོར་འཁོར་ཁང་དུ་སླར་ཡང་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཤིང་། འཚེམ་འཁོར་གྱི“ཏར། ཏར”ཞེས་པའི་སྒྲ་འཁོར་ཁང་ནང་གྲགས་བཞིན་ལས་ཀ་གོ་རིམ་ལྡན་པའི་ངང་བྱེད་བཞིན་འདུག
    “འཚེམ་འཁོར་གྱི་སྒྲ་ཐོས་མ་ཐག་སེམས་ལྷོད་ལ་བབས་ཀྱི་འདུག”ཅེས་འབུམ་ཁང་ཁུག་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ“འཁོར་ཁང་གི་བཟོ་པ”ཧན་ཤིན་ཀྲོང་གིས་བརྗོད་པ་རེད།
    ས་བབ་མཐོ་ཚད་སྨི་3000ཟིན་པ་དང་ཆན་ནའོ་རི་བོའི་ས་ཁུལ་དུ་ཆགས་པའི་འབུམ་ཁང་ཁུག་གྲོང་ཚོ་ནི་ས་གནས་དེའི་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་གཙོ་གནད་གྲོང་ཚོ་དབུལ་པོ་ཞིག་རེད། ཡུལ་དེའི་ས་རྒྱུ་ཞན་ལ་འབབ་འཕར་ཐབས་ལམ་ཕྱོགས་རྐྱང་པ་ཡིན་པས་དེ་སྔ་གྲོང་ཚོ་འདི་དབུལ་པོའི་གནས་ལས་སྒྲོལ་བའི་འགོག་རྐྱེན་གཙོ་བོ་དེ་ཡིན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན་དབུལ་སྐྱོར་འབྲེལ་གཏུག་ཚན་པའི་རོགས་རམ་འོག་གྲོང་ཚོ་དེས་མཚོ་སྔོན་ཧ་ཉི་ཕུའུ་མི་རིགས་རྒྱན་གོས་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་ནས“ཀུང་སི་དང་། འཁོར་ཁང་། ཞིང་དུད”བཅས་ཟུང་འབྲེལ་གྱི་གནད་སྨིན་དབུལ་སྐྱོར་ལམ་བུའི་ཐོག་བསྐྱོད་ཡོད།
    “དབུལ་སྐྱོར་འཁོར་ཁང་ནི་ཏང་ཡོན་གྱི་བྱེད་སྒོ་ཁང་སྒྱུར་བཀོད་བྱས་ནས་བཟོས་པ་ཞིག་ཡིན། འདི་གའི་འཚེམ་འཁོར་42དེ་ཚོ་དབུལ་སྐྱོར་འབྲེལ་གཏུག་ཚན་པས་ཞལ་འདེབས་བརྒྱབ་པ་ཞིག་རེད། ང་ཚོས་གྲོང་ཚོ་འདི་གའི་གྲོང་མི་50དེ་གར་བསྡུས་པ་མ་ཟད། ད་དུང་ཉེ་འཁོར་གྲོང་ཚོའི་མང་ཚོགས་དབུལ་པོ་ཡང་བསྡུས་ཡོད”ཅེས་འབུམ་ཁང་ཁུག་གྲོང་ཚོའི་དབུལ་སྐྱོར(གྲོང་སྡོད)ལས་དོན་རུ་ཁག་གི་ཧྲུའུ་ཅི་དང་པོ་རྡོ་རྗེ་རབ་བརྟན་གྱིས་བརྗོད་པ་རེད།
    “ཕ་ཡུལ་ནས་ཁ་བྲལ་མི་དགོས་པར་ལས་ཀ་བྱ་རྒྱུ་ཡོད་པ་དེས་རྐང་པ་གཉིས་མེད་པའི་བཟའ་ཟླར་ལྟ་སྐྱོང་བྱེད་ཐུབ་པ་མ་ཟད། ཡོང་འབབ་བརྟན་པོ་ཞིག་ཀྱང་ཡོད། ངས་དབུལ་སྐྱོར་འཁོར་ཁང་ནང་གྱོན་ཆས་འཚེམ་གྱི་ཡོད་པ་དང་། བཟའ་ཟླས་གྱོན་ཆས་ལ་དབུར་ཏི་རྒྱག་གི་ཡོད་པས། ངེད་གཉིས་ཀྱི་གླ་ཆ་བསྡོམས་ན་ཟླ་རེར་སྒོར་4000ལྷག་ཙམ་ཡོད”ཅེས་ཧན་ཤིན་ཀྲོང་གིས་བརྗོད་བྱུང་།
    2018ལོར་དབུལ་སྐྱོར་འཁོར་ཁང་བརྒྱུད་ཧན་ཤིན་ཀྲོང་གི་ཁྱིམ་ཚང་དབུལ་སྒྲོལ་བྱུང་ཡོད།
    རྡོ་རྗེ་རབ་བརྟན་གྱིས་འབུམ་ཁང་ཁུག་གྲོང་ཚོའི་དབུལ་སྐྱོར་འཁོར་ཁང་གིས་གཙོ་བོ་མངགས་ཐོའི་ཐོན་སྐྱེད་ཀྱི་རྣམ་པའི་ཐོག་ནས་མི་རིགས་གྱོན་ཆས་བཟོ་བ་དང་ལོ་ལྟར་མི་རིགས་གྱོན་ཆས་སྣ་ཚོགས་ཁྲི་7ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད། 
    འདི་ལོ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་ད་ལོའི་མངགས་ཐོ་ནར་འགྱངས་བྱས་སོང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ལས་ཞུགས་འགན་ལེན་བྱ་ཆེད། སྲིད་གཞུང་སྡེ་ཚན་གྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་2ཚེས་24ཉིན་ནས་བཟུང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་པའི་རྨང་གཞིའི་ཐོག་དབུལ་སྐྱོར་འཁོར་ཁང་གིས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་བྱས་ཡོད། མིག་སྔར་ཚ་ཚ་འུར་འུར་ངང་ཐོན་སྐྱེད་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
    ཧན་ཤིན་ཀྲོང་དང་འདྲ་བའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡའོ་ཤིན་ཀྲོང་2018ལོར་གསོ་སྦྱོང་བརྒྱུད་དབུལ་སྐྱོར་འཁོར་ཁང་གི་ལས་བཟོར་གྱུར་བ་རེད། “དབུལ་སྐྱོར་འཁོར་ཁང་དུ་ལས་ཀ་བྱས་ན་ཡོང་འབབ་བརྟན་པོ་ཡོད་པས་འཚོ་བའི་ཆ་རྐྱེན་དེ་སྔོན་ལས་ཡག་ཏུ་ཕྱིན་སོང་། ད་ནས་དུད་ཚང་དབུལ་པོ་གཏན་ནས་བྱེད་ཀྱི་མིན”ཞེས་ཡའོ་ཤིན་ཀྲོང་གིས་བརྗོད། 2018ལོའི་ལོ་མཇུག་ཏུ་ཁོང་གིས་རང་འགུལ་ངང་རེ་འདུན་ཞུ་ཡིག་བསྐྱལ་ནས་དུད་ཚང་དབུལ་པོ་དང་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་ནས་དོན་པ་རེད།
    མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་འཆར་འགོད་ནོར་དོན་ཁྲུའུ་ཡི་ཁྲུའུ་ཀྲང་ཆིའུ་ལི་ཁྲའོ་ཡིས། ཉེ་བའི་ལོའི་ནང་མཚོ་སྔོན་ཞིང་ཆེན་གྱིས་ནས་དང་། གྲོང་གསེབ་ཡུལ་སྐོར། མི་རིགས་ལག་ཤེས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་དམིགས་ཏེ་དབུལ་སྐྱོར་འཁོར་ཁང་སྣ་ཚོགས་ཁྱོན་བསྡོམས་310བཙུགས་ནས་མང་ཚོགས་ཁྲི་1.4ཐག་ཉེ་ས་དང་རང་ཡུལ་དུ་ལས་ཞུགས་ཐུབ་ཡོད། དེའི་ནང་ངལ་ནུས་དབུལ་པོ་ཁྲི་0.6ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
    “རིམས་ནད་ཀྱི་ཤུགས་རྐྱེན་ཕོག་སྟབས་དབུལ་སྐྱོར་འཁོར་ཁང་ལས་འགོ་ཚུགས་པའི་དུས་ཚོད་ཟླ་བ་གཅིག་ལྷག་ཙམ་ནར་འགྱངས་བྱས་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱ་ཆེད་སྲིད་གཞུང་སྡེ་ཚན་གྱིས་དུད་ཚང་དབུལ་པོའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། དབུལ་སྐྱོར་འཁོར་ཁང་བཅས་ལ་དུས་ཐོག་ཏུ་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་རོགས་སྐྱོར་དང་དངུལ་རྩའི་དབུལ་སྐྱོར་ཐོན་ལས་ཀྱི་དངུལ་བུན་སྐྱེད་གསབ་རྒྱབ་སྐྱོར་བྱས་ཡོད། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་འཁོར་ཁང་80%ཡན་ཐོན་སྐྱེད་སླར་གསོ་ཐུབ་ཡོད”ཅེས་ཆིའུ་ལི་ཁྲའོ་ཡིས་བརྗོད་པ་རེད།