འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅།།རྒྱ་ཆེའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་རྒྱུན་གཏན་གྱི་ནད་བརྟག་སྨན་བཅོས་ཞབས་ཞུ་རིམ་བཞིན་
སླར་གསོ་བྱུང་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞི་རིམ་འཕྲོད་བསྟེན་བདེ་ཐང་སིའི་སི་ཀྲང་གཞོན་པ་ཀའོ་ཀོང་མིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ས་གནས་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་བསྟུན། རྒྱ་ཆེའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་རྒྱུན་གཏན་གྱི་ནད་བརྟག་སྨན་བཅོས་ཞབས་ཞུ་རིམ་བཞིན་སླར་གསོ་བྱུང་ཡོད་ཅེས་བརྗོད་པ་རེད།
    པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་ཅིན་སྲུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཡུང་ཅིན་གྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་འོག་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་ཁོངས་གཏོགས་ཁུལ་གྱི་གཙོ་གནད་མི་ཚོགས་ལ་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་འདེགས་ཞུས་པ་དང་འབྲེལ། ཞིབ་ཕྲའི་བྱ་ཐབས་ཁག་གཅིག་སྤྱད་ཡོད། གཅོང་ནད་ཕོག་མཁན་དང་རྒན་རྒོན་ལ་ཕྱོགས་ཡོངས་ཀྱི་སྔོན་མངགས་སྨན་བཅོས་ཞབས་འདེགས་ཞུས་ཤིང་། དེའི་དམིགས་ཡུལ་ནི་གཙོ་བོ་ནད་པ་ཁ་འགྲེམས་བྱས་ཏེ་བང་སྒྲིག་པ་དང་དེ་གར་ལུས་པའི་དུས་ཚོད་ཐུང་དུ་བཏང་ནས་ཕན་ཚུན་འགོ་བའི་གནས་ཚུལ་མི་ཐོན་པ་བྱེད་རྒྱུ་དེ་རེད། རྒན་རྒོན་གྱི་ཐད་འབྲེལ་ཞབས་ཞུའི་ཁ་པར་བརྒྱུད། བདེ་ཐང་བློ་འདྲིའི་ཞབས་འདེགས་ཞུས་ཡོད། དེ་དང་ཆབས་ཅིག་གཅོང་ནད་ཕོག་པའི་རྒན་རྒོན་གཙོ་གནད་མི་ཚོགས་ལ་རྒྱུན་མཐུད་ཀྱི་བདེ་ཐང་དོ་དམ་བྱས་ཏེ་རིག་ནུས་ཅན་དང་ཆ་འཕྲིན་ཅན་གྱི་བྱ་ཐབས་བརྒྱུད། ནད་པར་རྗེས་སྙེགས་ངང་ནད་གཞིའི་གནས་ཚུལ་འདྲི་བ་དང་། ནད་བརྟག་སྨན་བཅོས་ཀྱི་གནད་དོན་དང་སྨན་བཅོས་ཀྱི་དགོས་མཁོ་ཐག་གཅོད་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
    མིག་སྔར་གཅོང་ནད་ཕོག་པའི་ནད་པ་མི་ཉུང་བ་ཞིག་གིས་སེམས་ཁྲལ་བྱེད་པའི་རྒྱུན་གཏན་གྱི་སྨན་སྤྱོད་པའི་གནད་དོན་ལ་དམིགས་ནས། གཞི་རིམ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་ཐབས་ལམ་མང་པོ་སྤྱད་དེ་གནད་དོན་ཐག་གཅོད་བྱས་ཡོད་པ་རེད།
     ལི་ཡུང་ཅིན་གྱིས། སྨན་ཁང་དུ་ཡོང་ཐེངས་ཉུང་དུ་བཏང་ནས་ཕན་ཚུན་འགོ་བའི་གནས་ཚུལ་མི་ཐོན་པ་བྱ་ཆེད། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱིས་གཙོ་བོ་ཕྱོགས་གསུམ་བརྒྱུད་སྨན་སྤྱོད་རྒྱུ་འགན་ལེན་བྱས་ཤིང་། གཅིག་ནས་སྡེབ་གཅིག་ལ་སྨན་མང་པོ་སྤྲོད་པའི་ཞབས་འདེགས་ཞུས་ཏེ་ནད་བརྟག་སྨན་བཅོས་ཁ་གསལ་དང་ནད་གཞི་བརྟན་པའི་གཅོང་ནད་ཕོག་པའི་ནད་པར་སྨན་སྤྱོད་རྒྱུའི་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནད་གཞིའི་གནས་ཚུལ་གཞིར་བཟུང་ཟླ་གསུམ་གྱི་སྨན་སྤྲད་པ་དང་། གཉིས་ནས་སྨན་ལེན་སྟངས་སྟབས་བདེ་སྤྱད་དེ་སྔར་རྒྱུན་གྱི་སྨན་ལེན་སྟངས་ལ་འགྱུར་ལྡོག་བཏང་ནས་མཁོ་ཆོད་སྨན་པ་དང་ནད་པས་དྲ་ཐོག་ནས་སྤེལ་རེས་དང་། ནད་བརྟག་སྨན་བཅོས། ནད་གཞིའི་སྐོར་སྐད་ཆ་འདྲི་བ་བཅས་བྱས་ཏེ་རྟོག་བཟོའི་སྨན་ཐོ་བྲིས་པ་དང་། སྨན་སྦྱོར་ཁང་གིས་རྟོག་བཟོའི་སྨན་ཐོ་གཞིར་བཟུང་སྨན་སྤྲོད་པ་དང་། སྨན་ཁང་གི་ཕྱི་རུ་ཁྱེར་ཡོང་བས་ནད་པ་སྨན་ཁང་དུ་འཛུལ་མི་དགོས་པ་བྱུང་བ། གསུམ་ནས་ནད་བརྟག་སྨན་བཅོས་ཁ་གསལ་དང་ནད་གཞི་བརྟན་པའི་ལུས་ཟུངས་ཉམས་པ་དང་ཕྱེད་ཉམས་པའི་རྒན་རྒོན་དང་ནད་པས་སྨན་སྐྱེལ་བའི་ཞབས་ཞུ་ལོངས་སུ་སྤྱོད་ཆོག་གི་ཡོད། འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་གྱིས་ནང་མིའམ་ཡང་ན་རྒན་གསོའི་སྒྲིག་གཞིའི་ཆེད་དམིགས་མི་སྣ་སྨན་ལེན་པར་གཏོང་ཆོག་པས། ཁོང་གཏོགས་ཁུལ་གྱི་ནད་པའི་རྒྱུན་གཏན་གྱི་སྨན་སྤྱོད་རྒྱུ་འགན་ལེན་བྱུང་ཡོད་ཅེས་བརྗོད་པ་རེད།