འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་13ཉིན།

༄༅།།སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་རྒྱུ་ནི་མིག་སྔའི་སྡེ་ཁུལ་གྱི་ལས་འགན་གཙོ་བོ་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་13ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་དམངས་སྲིད་པུའི་གཞི་རིམ་སྲིད་དབང་འཛུགས་སྐྱོང་དང་སྡེ་ཁུལ་བཅོས་སྐྱོང་སིའི་སི་ཀྲང་ཁྲེན་གཡོད་ལེང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་མིག་སྔའི་སྡེ་ཁུལ་གྱི་ལས་འགན་གཙོ་བོ་ཞིག་ཡིན་པས། རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པ་ཚོས་ངེས་པར་དུ་སྡེ་ཁུལ་གྱི་འགོག་སྲུང་འཛིང་རགས་བརྟན་པོ་སྲུང་བ་དང་བརྟན་དུ་གཏོང་དགོས་ཞེས་བརྗོད་པ་རེད།
    ཁྲེན་གཡོད་ལེང་གིས་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ལས་དོན་ལ་འགག་རྩ་བཞི་ཡོད་པ་སྟེ། གཅིག་ནས་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་རྒྱུན་མཐུད་དམག་འཐབ་ཡག་པོ་རྒྱག་པ་དང་། གཉིས་ནས་ཧེ་བག་ཅན་གྱི་སྒོ་ནས་གནད་དོན་ཐག་གཅོད་ལ་ལྟ་སྟངས་འཛིན་པ། གསུམ་ནས་སྔོན་འགོག་དང་ཚོད་འཛིན་གནད་སྨིན་ཡོང་བ་བྱས་ནས་བདེ་ཐང་ཨང་རྟགས་ཁྱབ་གདལ་བཏང་སྟེ་ཆ་འཕྲིན་ཅན་གྱི་བྱེད་ཐབས་གང་ལེགས་སྤྱོད་པ། བཞི་ནས་སྤྱི་ཚོགས་མཉམ་འགུལ་བྱས་ནས་འབྲེལ་ཡོད་ལས་རིགས་མཐུན་ཚོགས་ཀྱིས་ནུས་པ་ཧུར་ཐག་འདོན་རྒྱུའི་རེ་བ་བྱེད་པ་བཅས་རེད་ཅེས་བརྗོད་པ་རེད།
    ཁྲེན་གཡོད་ལེང་གིས་རྒྱུན་མཐུད་དམག་འཐབ་འདི་ཡག་པོ་རྒྱག་ཆེད། ས་གནས་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་སྡེ་ཁུལ་གྱི་ལས་དོན་པའི་འཐབ་ནུས་ཡག་པོ་རྒྱུན་འཁྱོངས་བྱེད་པའི་འགག་རྩ་ནི་སྡེ་ཁུལ་གྱི་ལས་དོན་པར་སེམས་ཁུར་དང་གཅེས་སྐྱོང་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་ཐུབ་མིན་ལ་རག་ལུས་ཡོད་ཅེས་བརྗོད་པ་རེད།
    ཟླ་3ཚེས་3ཉིན་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་འགོ་ཁྲིད་ཚོགས་ཆུང་གིས《རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་གྱི་ལས་དོན་པར་སེམས་ཁུར་དང་གཅེས་སྐྱོང་གི་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད། མིག་སྔའི་བར་ཞིང་ཆེན་28རུ་འབྲེལ་ཡོད་ཀྱི་ཆེད་དོན་སྲིད་ཇུས་སམ་ཡང་ན་ཇུས་གཞི་བཏོན་ཟིན་ཡོད།