མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ཐད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་12ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ། ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་དུས་བདེ་འཇགས་ཐོན་སྐྱེད་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ། མིག་སྔར་རྒྱལ་ཡོངས་སུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་བཞིན་ཡོད་པས། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། ཁུལ་དབྱེ་རིགས་དབྱེ་བྱས་ནས་བདེ་འཇགས་ལྟ་འདོམས་ཀྱི་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་2019ལོའི་གནས་ཚུལ་ལ་བལྟས་ན། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྱི་སྤྱི་འབོར་དང་། ལས་འཛོལ་ཆེན་པོ། ལས་འཛོལ་ཤིན་ཏུ་ཚབས་ཆེན་བཅས་ཐོན་ཚད“མུ་མཐུད་ཆག་པ་གསུམ”མངོན་འགྱུར་བྱུང་བ་མ་ཟད། བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་སྔར་བས་ལེགས་སུ་ཕྱིན་ཡོད་ཀྱང་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྔར་བཞིན་མང་པོ་གནས་ཡོད་པས་དེའི་ཐད་ད་དུང་ལས་དོན་འབོར་ཆེན་སྒྲུབ་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཚེ་སྲོག་ལས་ལྷག་པ་གང་ཡང་མེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་གནས་བབ་གལ་ཆེན་ཐོག་བཞག་སྟེ་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་འཕེལ་རྒྱས་ལ་སྣང་ཆེན་ཁོ་ན་བྱེད་པ་ལས་བདེ་འཇགས་ལས་དོན་ལ་མི་བལྟོས་པ་བྱེད་མི་རུང་བ་མ་ཟད། དེ་ཉིད་གནད་འགག་ཆེན་པོ་མེད་པའི་བྱ་བ་ཞིག་ཏུ་དེ་བས་ཀྱང་བརྩི་མི་རུང་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱང་དེ་བས་བྱེད་མི་རུང་། བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྱི་ཁྱད་ཆོས་གཙོ་བོ་དང་གནད་དོན་མངོན་གསལ་དོད་པོར་དམིགས་ཏེ་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་ལས་འཛོལ་ཐོན་པའི་མི་མངོན་པའི་རྐྱེན་ངན་རྩ་བའི་ཆར་བསལ་ཏེ་ལས་འཛོལ་ཧ་ཅང་ཚབས་ཆེན་ཐོན་རྒྱུ་གཏན་འགོག་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས་མིག་སྔར་རྒྱལ་ཡོངས་འདི་ཉིད་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དེ་བཞིན་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྤྱི་འདོམས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་མཚམས་སུ་གནས་བཞིན་ཡོད་པས་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་དང་ལས་ཀར་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ས་ཁུལ་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། ཁྱབ་ཁོངས་ཁག་དང་ལྷུ་ཚིགས་ཁག་གི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་བ། མ་ལག་བཅོས་སྐྱོང་དང་གནད་སྨིན་ཇུས་བསྟར་མཐའ་འཁྱོངས་བྱེད་པ། ཉེན་ཡོད་རྫས་འགྱུར་དངོས་པོ་དང་། གཏེར་རི། འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་ལས་གླིང་། གྲོང་ཁྱེར་འཛུགས་སྐྲུན། ཉེན་ཡོད་ཟོག་རོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་ཀྱི་ཐོག་ནས་དངོས་ཕན་ཐོབ་པར་བྱེད་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་དོ་དམ་ལམ་ལུགས་ཀྱི་མ་ལག་དང་། མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་མ་ལག ཉེན་ཁ་སྔོན་འགོག་དང་ཚོད་འཛིན་མ་ལག་བཅས་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་འདོམས་ཁྲིམས་འཛིན་དང་བདེ་འཇགས་ཞབས་ཞུར་ཤུགས་སྣོན་རྒྱག་པ། ལས་འཛོལ་ཆེན་པོ་དང་ཤིན་ཏུ་ཚབས་ཆེན་ཐོན་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།
     རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཚེས་10ཉིན་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་ན་ནིང་ཚུན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ། མིག་སྔའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བདེ་འཇགས་དོགས་ཟོན་གྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབ་རྒྱུ་དང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ཏན་ཏིག་སྤེལ་རྒྱུའི་ལས་དོན་བཀོད་སྒྲིག་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཧོ་དང་། རྒྱལ་དོན་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡུང་དང་ཀྲའོ་ཁེ་ཀྲེ་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ནས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བདེ་འཇགས་དོགས་ཟོན་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱེད་དགོས། ལས་འཛོལ་གྱི་མི་མངོན་པའི་རྐྱེན་ངན་རྩ་བའི་ཆར་སེལ་རྒྱུར་དམིགས་ཏེ་རྒྱལ་ཡོངས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གནད་དོན་ཐག་གཅོད་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་བཅོས་སྒྲིག་གི་འགག་རྩར་བརྩིས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འཛིན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྨང་གཞིའི་འགན་ལེན་ནུས་པ་ཆེ་རུ་གཏོང་བ། འཕྲལ་སྡོམ་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཐོན་སྐྱེད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཕྱིར་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བརྟན་པོ་ཞིག་སྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།
     སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཐེན་ཅིང་། ཨན་ཧུའེ། ཀོང་ཏུང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་རེས་བྱས་པ་དང་། དེ་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། 

  
style="display:none;"