མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་12ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་10ཉིན་གྱི་དགོང་མོར་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཝེ་ནེ་ཙུའེ་ལ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་དང་སྦྲགས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་ཐོན་རྗེས། ཀྲུང་གོ་ཕྱོགས་ཀྱིས་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁྲི་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་རིམས་ནད་གནས་ཚུལ་སྐོར་གྱི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད་ད་དུང་རྒྱལ་སྤྱིའི་མཉམ་ལས་ཀྱང་རྒྱ་ཁྱབ་ངང་བྱེད་ཀྱི་ཡོད། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཅངས་ནས་དགོས་མཁོ་ཡོད་པའི་རྒྱལ་ཁབ་ཁག་ལ་ནུས་པས་ལྕོགས་ཚོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་ཀྱི་ཡོད། ངས་ཝེ་ནེ་ཙུའེ་ལར་རིམས་ནད་མཆེད་ཚུལ་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཝེ་ནེ་ཙུའེ་ལ་སྲིད་གཞུང་གིས་འཕྲལ་ཐག་ཆོད་པའི་རིམས་འགོག་བྱེད་ཐབས་སྤྱད་པ་དེའི་ཐོག་ནས། རང་རྒྱལ་ཁབ་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གང་ལེགས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱི་མིག་སྔའི་གནས་བབ་ལ་བསམ་ཤེས་ཐུབ་ཀྱི་ཡོད། དེར་བརྟེན་ཝེ་ནེ་ཙུའེ་ལ་ཕྱོགས་ལ་རིམས་འགོག་དངོས་ཟོག་རོགས་སྐྱོར་ཐེངས་མང་བྱས་པ་མ་ཟད། ད་དུང་ཆུ་ཚད་མཐོ་བའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་ཡང་བཏང་ཡོད། ང་ཚོས་ཝེ་ནེ་ཙུའེ་ལ་ཕྱོགས་དང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། མུ་མཐུད་རོགས་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་ཝེ་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་ལ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ལ་ཡང་མཛའ་བརྩེ་ཟབ་མོ་ཆགས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་སྲིད་གཞུང་དང་མི་དམངས་ལ་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། དམངས་འཚོ་ལེགས་གཏོང་བཅས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ད་དུང་ཝེ་ནེ་ཙུའེ་ལ་མི་དམངས་ལ་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པར་ཡང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     མཱ་ཏུའུ་ལུའོ་ཡིས། ཀྲུང་གོ་ཕྱོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱི་གྲུབ་འབྲས་ཐོབ་པའི་བྱེད་སྟངས་ལ་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱི་རིམས་རྒོལ་ལས་དོན་ལ་རོགས་སྐྱོར་འབོར་ཆེན་བྱས་པ་མ་ཟད། ད་དུང་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་བཏང་ནས་ཝེ་ནེ་ཙུའེ་ལ་མི་དམངས་དང་མཉམ་དུ་རིམས་རྒོལ་ཡང་བྱེད་ཀྱི་ཡོད། དཀའ་ངལ་འཕྲད་བཞིན་ཡོད་པའི་ཝེ་ནེ་ཙུའེ་ལ་མི་དམངས་ལ་མཚོན་ན། ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་ལ་མཐུན་སྒྲིལ་མཉམ་ལས་ཀྱི་སྙིང་སྟོབས་མངོན་ཡོད། ངས་ཝེ་ནེ་ཙུའེ་ལ་མི་དམངས་ཀྱི་ཚབ་ཞུས་ནས། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ལ་གུས་བཀུར་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཝེ་ནེ་ཙུའེ་ལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཡང་བྱེད་འདོད་ཡོད། ཝེ་ནེ་ཙུའེ་ལས་ཝེ་ནེ་ཙུའེ་ལ་དང་ཀྲུང་གོའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་བརྩི་མཐོང་བྱེད་ཀྱི་ཡོད། ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་ཐུབ་རེ་ཡོད་ཅེས་གསུངས་པ་རེད།

  
style="display:none;"