མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་མོ་ཞི་ཁོའི་ཙུང་ཐུང་ལུའོ་ཕེ་སི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་12ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་10ཉིན་གྱི་དགོང་མོར་མོ་ཞི་ཁོའི་ཙུང་ཐུང་ལུའོ་ཕེ་སི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས། མིག་སྔར་མོ་ཞི་ཁོ་སོགས་ལ་ཏིང་མེ་གླིང་དང་ཅཱ་ལེ་པི་ས་ཁུལ་གྱི་རྒྱལ་ཁབ་ཁག་ཏུ་རིམས་ནད་མུ་མཐུད་མཆེད་ཀྱི་ཡོད་པས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས། མོ་ཞི་ཁོ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་དང་ཆབས་ཅིག་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། སྐུ་ཞབས་ཙུང་ཐུང་ལགས་ཀྱི་འགོ་ཁྲིད་འོག མོ་ཞི་ཁོ་རིམས་ནད་ལས་མགྱོགས་མྱུར་རྣམ་པར་རྒྱལ་ཐུབ་རྒྱུར་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་ལ་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་བྱེད་དོད་ཡོད་ལ་ཀྲུང་གོ་ནས་འཕྲལ་མཁོའི་རིམས་འགོག་དངོས་ཟོག་ཉོ་རོགས་བྱེད་པ་སོགས་ཚུད་པའི་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་ད་དུང་མུ་མཐུད་རིགས་གཅིག་མཁས་ཅན་གྱི་བརྙན་ལམ་ཚོགས་འདུ་སོགས་བརྒྱུད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྨན་བཅོས་ཐད་ཀྱི་ཉམས་མྱོང་སྤེལ་རེས་ཀྱང་བྱེད་ཆོག་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཅངས་ནས། རིམས་རྒོལ་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་བྱ་རྒྱུ་དང་ཆབས་ཅིག འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་དམིགས་བསལ་དབུ་ཚོགས་ཐོག ངས་རིམས་རྒོལ་ཐད་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་འཛམ་གླིང་དཔལ་འབྱོར་བརྟན་པོ་ཡོང་བར་བྱ་རྒྱུའི་ཐད་གྲོས་འགོ་ཁག་4བཏོན་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཚུད་པའི་ཁོངས་མིའི་རྒྱལ་ཁབ་ཁག་དང་འབྲེལ་མཐུད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དབུ་ཚོགས་ཐོག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་འདོད་ཡོད། ད་རེས་ཀྱི་རིམས་རྒོལ་ཐད་ནས་མཉམ་ལས་བྱས་པ་བརྒྱུད། ཀྲུང་མོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ནས། ཕྱོགས་གཉིས་འབྲེལ་བའི་འཐབ་ཇུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ཐུབ་རྒྱུར་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་མཐུད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ལུའོ་ཕེ་སི་ཡིས། མོ་ཞི་ཁོ་ཕྱོགས་མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་གནས་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་ཀྱི་རིམས་རྒོལ་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་གང་ལེགས་གནང་བ་འདི་ནི་མོ་ཞི་ཁོ་ཕྱོགས་ལ་མཚོན་ན་ཧ་ཅང་གལ་ཆེ་བ་ཞིག་རེད། མོ་ཞི་ཁོ་དང་ཀྲུང་གོ་དབར་ཐོག་མཐའ་བར་གསུམ་དུ་སྤུན་ཟླ་ལྟ་བུའི་མཛའ་གྲོགས་འབྲེལ་བ་རྒྱུན་འཁྱོངས་ཐུབ་ཡོད། མོ་ཞི་ཁོ་ཕྱོགས་ཀྱིས་མུ་མཐུད་ནས་མོ་ཞི་ཁོ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་གཏོང་རྒྱུ་དང་། ཀྲུང་གོ་ཕྱོགས་དང་རིམས་རྒོལ་དང་སྤྱི་པའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཁག་ནས་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"