མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སིའི་དབར་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་
བྱེད་པའི་ཐད་ཕན་ཚུན་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་12ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སིའི་དབར་ཕན་ཚུན་འཕྲིན་ཡིག་སྤྲིངས་གནང་སྟེ། རྒྱལ་ཁབ་གཉིས་པོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་ཨ་ཀེན་ཐིན་སྲིད་གཞུང་དང་མི་དམངས་ལ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་ཞིང་། ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་བྱ་ཐབས་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཨ་ཀེན་ཐིན་ཕྱོགས་ལ་རིམས་འགོག་དངོས་ཟོག་དུས་ཚོད་དམ་འཛིན་གྱིས་མཁོ་འདོན་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་རིགས་གཅིག་མཁས་ཅན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཨ་ཀེན་ཐིན་ཕྱོགས་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་དང་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་མཉམ་སྤྱོད་དང་། ཨ་ཀེན་ཐིན་ཕྱོགས་ལ་ནུས་པས་ལྕོགས་ཚོད་ཀྱིས་དངོས་པའི་རོགས་རམ། རིམས་འགོག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
     ཧྥེར་ནན་ཏེ་སིས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀྲུང་གོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་འགོ་ཁྲིད་ནུས་པ་དང་གསར་གཏོད་ནུས་པ་ཤུགས་ཆེན་བཏོན་ནས་ཨ་ཀེན་ཐིན་ལ་མིག་དཔེ་བཏོད་ཡོད། ཀྲུང་གོ་ཕྱོགས་ལ་གོ་ལ་ཧྲིལ་པོའི་ཆེས་ཆེད་ལས་ཅན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་ལྡན་པས་ང་ཚོས་ཀྲུང་གོ་ཕྱོགས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུའི་རེ་བ་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་མཉམ་ལས་ལས་ཨ་ཀྲུང་མི་དམངས་དབར་གྱི་མཛའ་གྲོགས་གཉིས་ཕན་གྱི་འབྲེལ་བ་ཟབ་ཏུ་འགྲོ་རྒྱུ་ང་ལ་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།

  
style="display:none;"