མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་
འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་11ཉིན། 12:16】  

     མཐའ་མཚམས་ས་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་ནང་གི་གཙོ་གནད་ ས་ཁུལ་གྱི་ཞིབ་དཔྱད་ཚད་ལེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་བཀོད་སྒྲིག་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་ དང་དུས་མཚུངས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བའི་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རིམས་ནད་ཕྱི་ནས་མ་འགོས་པ་བྱ་རྒྱུར་བབ་བསྟུན་ཤུགས་སྣོན་རྒྱག་པ་དང་། ནང་དུ་རིམས་ནད་བསྐྱར་ལོག་སྔོན་འགོག་གི་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། རང་རྒྱལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་རང་བཞིན་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་བར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གོ་ལ་ཧྲིལ་པོར་རིམས་ནད་མཆེད་མྱུར་བའི་དུས་བབ་གཞིར་བཟུང་རིམས་ནད་མངའ་ཁོངས་སྒྲོལ་ནས་མཆེད་རྒྱུར་སྔོན་འགོག་བྱེད་པའི་གཙོ་གནད་དང་ཁ་གཏད་གཅོག་ཐབས་དུས་ཐོག་ཏུ་བབ་བསྟུན་ལེགས་སྒྲིག་བྱས་ཏེ་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་དང་གནད་སྨིན་ཇུས་བསྟར་བྱས་ནས་ལས་ཀའི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས་པ་དང་། མཐའ་མཚམས་ཞིང་ཆེན་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་ནན་དུ་གཏོང་བ་དང་། རིམ་པ་དང་རིགས་དབྱེ་བ། ཡུལ་བབ་དང་བསྟུན་པའི་སྒོ་ནས་བབ་བསྟུན་རྗེས་སྙེགས་བྱེད་པ་བཅས་ཀྱི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཇུས་གཞི་བཟོ་བ་དང་ལེགས་སྒྲིག་བྱེད་དགོས། གནས་དང་། ཐིག ཁྱོན་ཡོངས་བཅས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ས་ཁོངས་ནང་ཡོང་མཁན་ལ་དོ་དམ་ནན་པོ་བྱེད་པ།“རྒྱལ་ཁབ་ཀྱི་སྒོ་མོ་ནས་ཁྱིམ་སྒོ་བར”གྱི་རིམ་པ་མང་བ་དང་ཕྱོགས་ཡོངས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་སྦྲེལ་ཐག་འཛུགས་པ་དང་། དགོས་མེད་ཀྱི་མི་སྣ་རྒྱལ་མཚམས་ལས་སྒྲོལ་ནས་འགྲོ་འོང་བྱེད་ཉུང་དུ་གཏོང་བ། དེ་དང་ཕྱོགས་མཚུངས་རྒྱུན་གཏན་གྱི་དངོས་ཟོག་སྐྱེལ་འདྲེན་འགན་ལེན་བཅས་བྱེད་དགོས། ནང་ས་ནས་སྟོབས་ཤུགས་སྐོང་འཐེན་བྱས་ཏེ་མཐའ་མཚམས་ས་ཁུལ་དང་འགག་སྒོའི་གྲོང་ཁྱེར་གྱི་སྨན་བཅོས་དངོས་པོ་གསོག་འཇོག་དང་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟ་ཁང་སོགས་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་ཤུགས་སྣོན་བརྒྱབ་སྟེ་སྨན་བཅོས་ཞིབ་དཔྱད་ཚད་ལེན་དང་ནད་པ་ཉར་ནས་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། མཐའ་འཁོར་གྱི་འབྲེལ་ཡོད་རྒྱལ་ཁབ་དང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁོངས་ཕྱིར་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ནས་ཁོང་ཚོའི་བདེ་འཇགས་བདེ་ཐང་དང་ཁྲིམས་མཐུན་གྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མུ་མཐུད་འབྲེལ་ཡོད་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་ཏེ། ཁོང་ཚོར་རིམས་འགོག་དངོས་པོ་ཉོ་རྒྱུར་སྟབས་བདེ་བསྐྲུན་པ་དང་། ཕྱིར་གཏོང་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྨན་རྫས་ལྟ་སྐུལ་སྡེ་ཚན་ནས་སྤྲད་པའི་ཐོན་རྫས་ཀྱི་ཐོ་འགོད་ལག་ཁྱེར་རམ་ཡང་ན་འབྲེལ་ཡོད་དཔང་ཡིག་མཁོ་འདོན་བྱེད་ཐབས་བྲལ་བའི་ཐོན་རྫས་ཕྱིར་གཏོང་བྱེད་མི་ཆོག
     ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རང་རྒྱལ་དུ་རིམས་ནད་བསྐྱར་ལོག་གི་ཉེན་ཁ་སྔར་བཞིན་གནས་ཡོད་ལ། ཉེ་དུས་ས་ཆ་ལ་ལར་གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་ཡོད་པས་སྔོན་འགོག་དང་ཚོད་འཛིན་གྱི་ཞན་ཆ་འཚོལ་བ་དང་སེལ་དགོས། ཞིབ་དཔྱད་ཚད་ལེན་བྱེད་ནུས་ཆེ་རུ་འགྲོ་བར་གཞིགས་ནས་དུས་ཚོད་དམ་འཛིན་ངང་གཙོ་གནད་ས་ཁུལ་དུ་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་དྭངས་ཁྲག་གི་དུག་སྲིན་འགོག་རྫས་ཞིབ་དཔྱད་ཚད་ལེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཞིབ་དཔྱད་ཚད་ལེན་བྱེད་ཚད་མང་དུ་གཏོང་བ། རིམས་ནད་རིག་པའི་བརྟག་དཔྱད་ཡག་པོ་བྱེད་པ། ནད་དུག་འགོས་པའི་ནད་པ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། ནད་རྟགས་མེད་པའི་ནད་པའི་གནས་ཚུལ་ཁོང་དུ་ཆུད་པ་བཅས་བྱེད་དགོས། དེ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་གི་བྱ་ཐབས་དངོས་ཤིག་ཡིན་པས་ཁྱབ་མཆེད་ཀྱི་ཉེན་ཁ་ཆུང་དུ་གཏོང་ཐུབ་ལ། ཞིབ་དཔྱད་ཚད་ལེན་བྱ་ཡུལ་དང་མི་གཞན་ཚང་མར་ཕན་ཐོགས་ཡོད་པ་ཞིག་རེད། “སྔ་ཙམ་བཞིའི”བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་དུས་ཐོག་ཏུ་ཡོངས་བསྒྲགས་ཁ་གསལ་དང་དངོས་ཐོག་བདེན་འཚོལ་ཐོག་ནས་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས། ཝུའུ་ཧན་གྲོང་ཁྱེར་གྱིས་ཝུའུ་ཧན་ནས་ཁ་བྲལ་སའི་བགྲོད་ལམ་གྱི་དོ་དམ་ཚོད་འཛིན་མེད་པ་བཟོས་རྗེས་ནད་གཞི་ལྕི་པོ་ཕོག་པའི་ནད་པ་སྐྱོབ་བཅོས་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག མཉམ་འགོག་མཉམ་འཛིན་དང་སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་མུ་མཐུད་ཡག་པོ་བྱས་ཏེ་དགོས་མེད་ཀྱི་འདུ་འཛོམས་མུ་མཐུད་བྱེད་ཉུང་དུ་གཏོང་དགོས། ས་གནས་ཁག་གིས་ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཀྱི་ལྟ་ཞིབ་ཚད་ལེན་དང་འགོ་ནད་དྲ་རྒྱ་ནས་ཐད་ཀར་སྙན་སེང་ཞུ་བའི“དྲ་བ་གཉིས”ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། རིམས་ནད་ཐོན་འཕྲལ་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས། ཞིབ་དཔྱད་ཚད་ལེན་གྱི་ལག་རྩལ་ལེགས་བཅོས་མཐོར་གཏོང་བྱས་ནས་ནད་དུག་འགོག་པའི་སྨན་རྫས་དང་རིམས་འགོག་སྨན་ཁབ་གང་མྱུར་ཞིབ་འཇུག་གསར་སྤེལ་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་མཐུན་རྐྱེན་གང་ལེགས་བསྐྲུན་ཏེ་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ནང་མཁོ་གང་མྱུར་སླར་གསོ་དང་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་བ། རིགས་ཁག་གི་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དཀའ་གནད་ལས་སྒྲོལ་རྒྱུར་རོགས་རམ་བྱེད་པ། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཚབས་ཆེ་བའི་མང་ཚོགས་ཀྱི་ལས་ཞུགས་དང་འཚོ་བ་སོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་པ་བཅས་ཀྱི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། 

  
style="display:none;"