མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཝུའུ་ཧན་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་ལས་དོན་པ་ཡོངས་ལ་འཕྲིན་ལན་སྤྲིངས་པ།  

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་10ཉིན། 12:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཝུའུ་ཧན་གྲོང་ཁྱེར་ཏུང་ཧུའུ་གྲོང་གསར་སྡེ་ཁུལ་གྱི་ལས་དོན་པ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་སྡེ་ཁུལ་གྱི་ལས་དོན་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད་བཏོན་པའི་ནུས་པ་གལ་ཆེན་ལ་སླར་ཡང་ཁས་ལེན་གནང་བ་དང་། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་གནང་བ་མ་ཟད། ད་དུང་ཁོང་ཚོར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐར་ཕྱིན་པ་བླངས་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།
    ཞི་ཅིན་ཕིང་གིས་འཕྲིན་ལན་ནང་།  ང་རང་ཝུའུ་ཧན་ནས་ལོག་ཡོང་རྗེས། ཝུའུ་ཧན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་སེམས་ཁྲལ་ཆེན་པོ་བྱུང་། ཁྱེད་ཚོའི་སྡེ་ཁུལ་ཚུད་པའི་ཝུའུ་ཧན་གྱི་སྡེ་ཁུལ་ཁག་གི་འཚོ་བ་རིམ་བཞིན་རྒྱུན་ལྡན་ཅན་དུ་སླར་གསོ་བྱུང་བཞིན་ཡོད་པས་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད། 
    ཞི་ཅིན་ཕིང་གིས། སྔར་བྱུང་མྱོང་མེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཁྲོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་སྡེ་ཁུལ་ལས་དོན་པས་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ནང་ཞུགས་མཁན་ཕྱོགས་ཁག་གི་མི་སྣ་དང་མཉམ་དུ། ཉེན་ཁར་མི་སྐྲག་པ་དང་མཐུན་སྒྲིལ་འབད་འཐབ་བྱེད་པ་། ལྷག་པར་དུ་སྡེ་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་དཔེ་གཞན་སྟོན་ངང་མདུན་དུ་གདོང་མཆོང་བྱས་པས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་དང་། ཚང་མས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་སྟོབས་ཤུགས་ཆེན་པོ་ཞིག་གང་ལེགས་མངོན་ཡོད་ཅེས་གསུངས་ཡོད་པ་རེད། 
    ཞི་ཅིན་ཕིང་གིས། ད་ཆ་ཝུའུ་ཧན་གྱིས་ཝུའུ་ཧན་དང་ཧུའུ་པེ་ནས་ཐོན་པའི་བགྲོད་ལམ་གྱི་དོ་དམ་ཚོད་འཛིན་བྱེད་ཐབས་མེད་པ་བཟོས་ཡོད་མོད། འོན་ཀྱང་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ལྷོད་གཡེང་གཏོང་མི་རུང་། སྡེ་ཁུལ་ནི་སྔར་བཞིན་ཕྱི་ནས་འགོ་རྒྱུ་སྔོན་འགོག་དང་ནང་དུ་རིམས་ནད་བསྐྱར་ལོག་མི་ཐོན་པའི་འགོག་སྲུང་འཛིང་རགས་གལ་ཆེན་ཞིག་ཡིན་པ་དང་། འགག་རྩ་ནི་དུས་བབ་གསར་པའི་འོག་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཁྱེད་ཚོས་རྒྱུན་མཐུད་ངང་དམག་འཐབ་བྱེད་པའི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱེད་པ། ལྷག་བསམ་རྣམ་དག་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་མཐར་ཕྱིན་པ་ལེན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"