འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་10ཉིན།

༄༅༎དྲ་ཐོག་ཏུ་ཀྲུང་ལུགས་གསོ་རིག་སྐད་གྲགས་ཆོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་10ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དྲ་རྒྱར་ཞུགས་ཏེ་བརྙན་ལམ་མམ་ཡང་ན་པར་རིས་བརྒྱུད་ནད་པར་ནད་གཞི་བརྟག་དཔྱད་བྱེད་པ་དང་དེ་ནས་སྨན་སྤྲོད་པ་ལ་སོགས་ནི་དབྱིན་ཇིའི་ཀྲུང་ལུགས་སྨན་པ་དཀའ་བཅུ་པ་མི་ཉུང་བ་ཞིག་གི་རྒྱུན་གཏན་ལས་ཀར་གྱུར་ཡོད།
     དབྱིན་ཇིར་རིམས་ནད་མཆེད་ཚབས་ཆེ་རུ་སོང་རྗེས་དབྱིན་ཇིའི་ཀྲུང་ལུགས་གསོ་རིག་མནའ་འབྲེལ་དྲ་བའི་འོས་ཐོབ་ལྡན་པའི་ཀྲུང་ལུགས་སྨན་པ་དཀའ་བཅུ་པ་བཅུ་ཕྲག་འགའ་ཞིག་གིས་དབྱིན་ཇིར་ཀྲུང་ལུགས་གསོ་རིག་གི་རིམས་འགོག་རོགས་སྐྱོར་བྱེད་སྒོ་སྤེལ་འགོ་བརྩམས་ཤིང་། བྱེད་སྒོ་དེ་སྤེལ་བའི་ཐོག་མའི་དུས་སུ་ཕྱི་ཁོངས་ཀྲུང་གོ་བ་གཙོ་བོར་བཟུང་ནས་ཞབས་འདེགས་ཞུ་བ་དང་ད་ལྟ་ས་གནས་དེ་གའི་མིར་ནད་གཞི་བརྟག་དཔྱད་བྱེད་ཚད་རྒྱུན་མི་ཆད་པར་མང་དུ་ཕྱིན་ཡོད།
     མིག་སྔར་དབྱིན་ཇིར་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི་5ལྷག་ཙམ་ཡོད། རིམས་ནད་ཐོན་ཚབས་ཉིན་རེ་ལས་ཉིན་རེ་མ་འདས་པར་ཆེ་རུ་འགྲོ་བ་དང་ཆབས་ཅིག ཀྲུང་ལུགས་གསོ་རིག་ལ་བརྟེན་ནས་རིམས་འགོག་བྱེད་མཁན་དབྱིན་ཇི་བའང་ཇེ་མང་དུ་སོང་སྟབས། དྲ་ཐོག་ནས་ནད་གཞི་བརྟག་དཔྱད་བྱེད་མཁན་དང་ཀྲུང་ལུགས་སྨན་སྐྱེལ་སྤྲོད་བྱེད་མཁན་ས་གནས་དེ་གའི་ཀྲུང་ལུགས་སྨན་པ་དག་སྡོད་པའི་ཁོམ་པ་མེད་པར་གྱུར་ཡོད།
     དབྱིན་ཇིའི་སྨི་ཏིའར་སེ་ཁེ་སི་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དབྱིན་ཇིའི་གོང་མ་ཚང་གསོ་རིག་སློབ་གླིང་གི་ཡོན་ཧྲེ་ཧོ་སུང་ཤོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དབྱིན་ཇི་སྲིད་གཞུང་གིས“ཁྱུ་ཚོགས་ནད་འགོག”གི་སྨན་བཅོས་བྱ་ཐབས་ཁྱབ་བསྒྲགས་བྱས་རྗེས། ཁོང་དང་འབྲེལ་བ་བྱེད་མཁན་ས་གནས་དེ་གའི་མི་མང་དུ་སོང་བ་དང་ལྷག་པར་དུ་ཉེ་དུས་རིམས་ནད་ཐོན་ཚབས་སྔར་བས་ཆེ་རུ་སོང་རྗེས། ནད་གཞི་བརྟག་དཔྱད་བྱེད་པར་ཡོང་མཁན་དེ་བས་མང་དུ་ཕྱིན་ཡོད། ནད་གཞི་བརྟག་དཔྱད་བྱེད་པར་ཡོང་མཁན་འགའ་ཞིག་གི་ནད་གཞི་ཡང་བ་དང་མང་ཆེ་བར་ཏོག་གསར་གློག་ཚད་འགོས་མེད་མོད། འོན་ཀྱང་ཁོང་ཚོས་ཀྲུང་ལུགས་གསོ་རིག་བརྒྱུད་རིམས་འགོག་ནུས་པ་ཆེ་རུ་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། “དགོས་མཁོ་ཆེ་བའི་དབང་གིས་ཀྲུང་ལུགས་སྨན་འགའ་ཞིག་གཟའ་འཁོར་རེ་གཉིས་ལས་མ་སོང་བར་རྫོགས་ཉེན་འདུག”ཅེས་ཧོ་སུང་ཤོན་གྱིས་བཤད།
     བཅར་འདྲི་དང་ལེན་བྱེད་མཁན་ས་གནས་དེ་གའི་ཀྲུང་ལུགས་སྨན་པ་དཀའ་བཅུ་པས་ད་རེས་ཀྱི་རིམས་འགོག་རིང་ཀྲུང་ལུགས་གསོ་རིག་གིས་ནུས་པ་གལ་ཆེན་ཐོན་ཡོད་པས་གོ་སྐབས་འདི་དང་བསྟུན་ནས་དབྱིན་ཇིར་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་ཆོག་ཅེས་བཤད། ཁོང་ཚོས་ཀྲུང་ལུགས་སྨན་གྱི་ཇ་ཐུམ་དང་། སྦངས་འཐུང་སྨན་རྫས། བཏུང་བྱ་སོགས་བཟོས་ཏེ་ཀྲུང་ལུགས་སྨན་དེ་དབྱིན་ཇི་བའི་བཟའ་བཏུང་གོམས་གཤིས་དང་མཐུན་པར་བྱ་རྒྱུའི་གྲོས་འགོ་བཏོན་པ་མ་ཟད། ད་དུང་ཐོན་སྐྱེད་ལྷུ་ཚིགས་ནས་ཕྱི་རྒྱལ་གྱི་ཚད་གཞི་ལག་བསྟར་བྱེད་འགོ་འཛུགས་པ་དང་འབྲེལ། སྔོན་ཐོན་ལག་རྩལ་ལ་བརྟེན་ནས་སྤྱོད་སྟངས་དང་སྤྱོད་ཚད་གཏན་འཁེལ་ནན་པོ་བྱེད་དགོས་པའི་གྲོས་འགོ་ཡང་བཏོན་ཡོད།