མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་09ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་པ་དང་། ལས་སྣོན་ཚོང་དོན་ལ་རྒྱབ་སྐྱོར་བྱེད་པ། ཀོང་ཀྲོའུ་ཚོང་ འདུས་དྲ་ཐོག་ནས་གཉེར་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་བཅག་ སྟེ་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩའི་འཆར་གཞི་བརྟན་དུ་ཧུར་ཐག་གཏོང་བ་དང་། ཀུན་ཕན་དངུལ་རྩ་དང་ འབོར་ཉུང་དངུལ་བུན་ཀུང་སིའི་ཁྲལ་བསྡུའི་རྒྱབ་སྐྱོར་སྲིད་ཇུས་ཁག་གཅིག་མུ་མཐུད་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་7ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་པ་དང་། ལས་སྣོན་ཚོང་དོན་ལ་རྒྱབ་སྐྱོར་བྱེད་པ། ཀོང་ཀྲོའུ་ཚོང་འདུས་དྲ་ཐོག་ནས་གཉེར་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་ཧུར་ཐག་བཅག་སྟེ་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩའི་འཆར་གཞི་བརྟན་དུ་ཧུར་ཐག་གཏོང་བ་དང་། ཀུན་ཕན་དངུལ་རྩ་དང་འབོར་ཉུང་དངུལ་བུན་ཀུང་སིའི་ཁྲལ་བསྡུའི་རྒྱབ་སྐྱོར་སྲིད་ཇུས་ཁག་གཅིག་མུ་མཐུད་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
    ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་གོ་ལ་ཧྲིལ་པོར་རིམས་ནད་མཆེད་ཚད་མགྱོགས་སུ་ཕྱིན་ནས་འཛམ་གླིང་གི་དཔལ་འབྱོར་དང་རྒྱལ་སྤྱིའི་ཚོང་དོན་མ་འཇོག་ལ་རྡབ་རྡེག་ཆེན་པོ་བྱུང་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི“བརྟན་པོ་དྲུག”གི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་ལྟར་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་དང་། ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་། ཕྱི་ཕྱོགས་མ་དངུལ་བརྟན་པོ་ཡོང་བའི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རང་རྒྱལ་གྱི་དཔལ་འབྱོར་དང་ལྷག་པར་དུ་ལས་ཞུགས་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཚད་ཆུང་དུ་ཧུར་ཐག་གཏོང་དགོས།
    ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་རྒྱུན་མཐུད་མགྱོགས་མྱུར་ཆེ་རུ་ཕྱིན་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད། མིག་སྔར་སྲོལ་རྒྱུན་གྱི་ཕྱི་ཕྱོགས་ཚོང་དོན་ལ་རིམས་ནད་ཀྱི་རྡབ་རྡེག་ཆེ་ཙམ་ཕོག་པས་ངེས་པར་དུ་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་དམིགས་བསལ་ལེགས་ཆ་དེ་བས་ཆེ་བ་འདོན་སྤེལ་བྱས་ཏེ་ལས་རྣམ་གསར་པར་བརྟེན་ནས་ཕྱི་ཕྱོགས་ཚོང་དོན་དཀའ་ངལ་ཁྱད་བསད་ངང་མདུན་སྐྱོད་བྱ་རྒྱུར་རམ་འདེགས་བྱེད་དགོས། ཚོགས་འདུའི་ཐོག་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་59བཙུགས་པའི་རྨང་གཞིའི་ཐོག་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་46གསར་དུ་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད། རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཁྱབ་གདལ་གཏོང་བ་དང་ཆབས་ཅིག་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ནང་གི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ཕྱིར་གཏོང་ཚོང་ཟོག་ལ་གཏན་འབེབས་གཞིར་བཟུང་། གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ་དང་ཁེ་ལས་ཀྱི་ཐོབ་ཁྲལ་བསྡུ་ལེན་ཞིབ་བཤེར་གཏན་འབེབས་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཏེ་ཆ་རྐྱེན་འཛོམས་པའི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གནས་སའི་གྲོང་ཁྱེར་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་སིལ་ཚོང་ནང་འདྲེན་ཚོད་ལྟའི་ཁྱབ་ཁོངས་ནང་འཇུག་རྒྱུའི་ཞིབ་འཇུག་བྱས་ནས་ཁེ་ལས་ཀྱིས་ཕྱི་རྒྱལ་གྱི་མཛོད་ཁང་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
    ཚོགས་འདུའི་ཐོག་བསྟན་དོན། ལས་སྣོན་ཚོང་དོན་གྱིས་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་གྱི་1/4བཟུང་ཡོད། ནང་ཁུལ་ཚོང་དོན་དང་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་། ལས་སྣོན་ཚོང་དོན་ཁེ་ལས་ལ་དཀའ་ངལ་སེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ཕྱི་རྒྱལ་གྱི་མ་དངུལ་བརྟན་པོ་དང་ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། གཅིག་ནས་ལས་སྣོན་ཉོ་ཚོང་གི་ཁྲལ་སྲུང་རྒྱུ་ཆ་དང་ལྷུ་ལག་གམ་ཡང་ན་ཐོན་རྫས་ནང་ཁུལ་དུ་འཚོང་རྒྱུ་དང་། ལོ་མཇུག་གོང་ཁྲལ་འགྱངས་སྐྱེད་ཀ་གནས་སྐབས་མི་བསྡུ་རྒྱུ། གཉིས་ནས་ལས་སྣོན་ཚོང་དོན་ཁེ་ལས་ཀྱི་ནང་ཁུལ་ཚོང་ལས་ཐད་ནང་འདྲེན་རྒྱུ་ཆ་དང་ལྷུ་ལག་ལ་གཞིགས་པའམ་ཡང་ན་ཐོན་རྫས་ལ་གཞིགས་ནས་སྒོ་ཁྲལ་འཇལ་བའི་ཚོད་ལྟ་ས་ཚིགས་བདམས་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ཚང་མར་རྒྱ་སྐྱེད་གཏོང་དགོས། གསུམ་ནས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་བཞག་པའི་ཐོན་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་རྒྱུའི་ལྕག་སྐུལ་བྱས་ནས་ལས་སྣོན་ཚོང་དོན་བཀག་སྡོམ་རིགས་ཀྱི་ཚོང་ཟོག་སྣ་ཁ་ཉུང་དུ་གཏོང་དགོས།
    གོ་ལ་ཧྲིལ་པོར་རིམས་ནད་མཆེད་པའི་ཛ་དྲག་དུས་བབ་ལ་དམིགས་ཏེ་ཚོགས་འདུའི་ཐོག་སྐབས་127པའི་ཀོང་ཀྲོའུ་ཚོང་འདུས་ཟླ་6པའི་ཟླ་དཀྱིལ་དང་ཟླ་སྨད་དུ་དྲ་ཐོག་ཏུ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། རྒྱལ་ཁབ་ཕྱི་ནང་གི་ཚོང་པ་གདན་དྲངས་ནས་དྲ་ཐོག་ནས་ཐོན་རྫས་འགྲེམས་སྟོན་བྱེད་པ་དང་སྔོན་ཐོན་གྱི་ཆ་འཕྲིན་ལག་རྩལ་སྤྱད་དེ་དུས་དང་རྣམ་པ་ཀུན་ཏུ་དྲ་ཐོག་ནས་འོས་སྦྱོར་དང་། མཁོ་ཉོ་སྦྲེལ་མཐུད། དྲ་ཐོག་ངོ་འཕྲད་གྲོས་མོལ་སོགས་ཀྱི་ཞབས་འདེགས་ཞུས་ནས་སྤུས་ལེགས་ཁྱད་ལྡན་ཚོང་ཟོག་གི་དྲ་ཐོག་ཕྱི་ཕྱོགས་ཚོང་དོན་ལས་སྟེགས་བཏོད་དེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚོང་པ་ཕྱིར་ཐོན་མི་དགོས་པར་མངགས་ཉོ་དང་ཚོང་རྒྱག་ཐུབ་པ་བྱ་རྒྱུ་རེད།
    ཚོགས་འདུའི་ཐོག་བསྟན་དོན། ཀྲུང་ཡོ་དུས་གཏན་མེ་འཁོར་སོགས་ཟོག་འདྲེན་བགྲོད་ལམ་གྱི་ནུས་པ་ཆེ་རུ་གཏོང་བ་དང་། དངོས་ཟོག་དང་ལེན་སོགས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། མཚོ་ཐོག་སྐྱེལ་འདྲེན་དང་མཁའ་ཐོག་སྐྱེལ་འདྲེན་གྱི་ཟོག་ཁུངས་གཞན་སྒྱུར་ནུས་ཤུགས་ཡོད་རྒུས་དང་ལེན་བྱེད་པ། རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས།
    ཕྲན་ཚེགས་ཁེ་ལས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། ཞིང་དུད་བཅས་ཀྱི་ཀུན་ཕན་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་ཁོང་ཚོ་དཀའ་གནད་ལས་སྒྲོལ་རྒྱུར་རོགས་རམ་བྱ་ཆེད། ཚོགས་འདུའི་ཐོག་ནོར་སྲིད་དང་དངུལ་རྩའི་སྲིད་ཇུས་མཉམ་འགུལ་བྱས་ནས། དུས་བཀག་ཐིམ་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག 2023ལོའི་ལོ་མཇུག་བར་ནར་འགྱངས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། དེའི་ནང་དངུལ་རྩའི་སྒྲིག་གཞིས་ཕྲན་ཚེགས་ཁེ་ལས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། ཞིང་དུད་བཅས་ལ་སྒོར་ཁྲི་100དང་དེ་མན་གྱི་དངུལ་བུན་བཏང་བའི་སྐྱེད་ཀའི་ཡོང་འབབ་ཀྱི་གནས་ཐང་འཕར་ཁྲལ་རྩ་ཆག་གཏོང་རྒྱུ་དང་། ཞིང་དུད་ལ་སྒོར་ཁྲི་10དང་དེ་མན་གྱི་དངུལ་བུན་བཏང་བའི་སྐྱེད་ཀའི་ཡོང་འབབ་དང་། འདེབས་འཛུགས་གསོ་ཚགས་ལས་རིགས་ལ་འགན་བཅོལ་ལས་སྒོ་གཉེར་བའི་གྲོན་དངུལ་ཡོང་འབབ་90%ལྟར་བརྩིས་ནས་ཐོབ་ཁྲལ་བསྡུ་རྒྱུ་དང་། གྲངས་ཉུང་ཡིད་རྟོན་དངུལ་བུན་གཡར་མཁན་ཀུང་སིའི་དངུལ་བུན་སྒོར་ཁྲི་10དང་དེ་མན་གྱི་ཞིང་དུད་ཀྱི་དངུལ་བུན་སྐྱེད་ཀའི་ཡོང་འབབ་ལ་གནས་ཐང་འཕར་ཁྲལ་རྩ་ཆག་བཏང་བ་དང་འབྲེལ། 90%ལྟར་བརྩིས་ནས་ཁེ་ལས་ཀྱི་ཐོབ་ཁྲལ་བསྡུ་རྒྱུ། ལོ་མཇུག་གི་དངུལ་བུན་ལྷག་གྲངས་ཀྱི་1%གཞིར་བཟུང་བླངས་པའི་བུན་གཡར་གྱོང་གུན་གྱི་གྲབས་དངུལ་དེ་ཐོབ་ཁྲལ་མ་འཇལ་གོང་འཐེན་ཆོག་གི་ཡོད་པ་རེད། 

  
style="display:none;"