འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་8ཉིན།

༄༅༎བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ལས་ཞུགས་ཀྱི་གཙོ་ཤུགས་དམག་ལ་གྱུར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་08ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དམངས་གཉེར་དཔལ་འབྱོར་དེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དང་། ས་གནས་ཀྱི་ནོར་སྲིད་ཡོང་འབབ་མང་དུ་གཏོང་བའི་ཡོང་ཁུངས་གལ་ཆེན། སྤྱི་ཚོགས་ཀྱི་ལས་ཞུགས་རྒྱ་ཆེར་གཏོང་བའི་གཞི་རྟེན་གལ་ཆེན་བཅས་སུ་གྱུར་ཡོད། 2019ལོའི་ལོ་མཇུག་བར་བོད་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྲོམ་རའི་བྱེད་པོ་ཁྲི་31.49ཟིན་ནས། ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་96.83%བཟུང་བ་དེ་དུས་མཚུངས་ལས་19.04%འཕར་བ་དང་། ཐོ་འགོད་མ་རྩ་སྒོར་དུང་ཕྱུར་8909.28ཟིན་པ་དེ་དུས་མཚུངས་ལས་12.65%འཕར་ཡོད། ད་ཆ་བོད་ལྗོངས་སུ་དམངས་གཉེར་དཔལ་འབྱོར་གྱིས་90%ཡན་གྱི་ཁྲལ་འབབ་དང་། 80%ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ངལ་རྩོལ་ལས་ཞུགས། 90%ཡན་གྱི་ཁེ་ལས་ཀྱི་གྲངས་འབོར་བཅས་ལེགས་སྐྱེས་སུ་ཕུལ་ཡོད།
     རིམས་ནད་ཀྱིས་དམངས་གཉེར་ཁེ་ལས་དང་། ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་གྲས། ཁེར་གཉེར་དུད་ཚང་བཅས་ལ་བཟོས་པའི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་དང་གཉེར་སྐྱོང་གི་དཀའ་ངལ་ལ་དམིགས་ནས་བོད་རང་སྐྱོང་ལྗོངས་ཀྱིས《ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་བཅག་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་དང་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འགའ་ཞིག》ཆེད་མངགས་བཏོན་པ་རེད། ཉིན་ཤས་བསྟུད་མར་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་དྲ་ཐོག་དང་དྲ་ཕྱིའི་དྲིལ་བསྒྲགས་བྱས་པ་དང་། ཁེ་ལས་སུ་བཅར་འདྲི་བྱས་པ། ཁོངས་གཏོགས་ཡོངས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གདན་དྲངས་ནས་སྲིད་ཇུས་གསལ་འགྲེལ་བྱས་པ། ལས་དོན་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ཁེ་ལས་སུ་བསྐྱོད་དེ་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་བཅས་བྱས་པས། ཁེ་ལས་མཁས་ཅན་ཚོས་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
     གཞན་ཡང་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་ཐོན་ཚུན་བོད་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་དངུལ་དང་དངོས་ཟོག་སྒོར་ཁྲི་7800ལྷག་ཙམ་ཞལ་འདེབས་ཕུལ་ཡོད་པ་རེད།