འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་8ཉིན།

༄༅༎དམིགས་བསལ་གྱི་རིག་རྩལ་འཁྲབ་སྟོན་བྱས་ནས་ཨེ་ཅིབ་དམངས་ཚོགས་ཀྱི་རིམས་ནད་ཀྱི་སེམས་ཁྲལ་བསལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་08ཉིན། 09:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱ་ཆེད་ཀྱི་མཚན་རྒྱ་བསྡམས་དུས་སུ། རང་ཉིད་ཀྱི་ཉི་གཡབ་ནས་ཆུ་ཚད་མཐོ་བའི་ཨོག་ལེན་རྐྱང་དཀྲོལ་ཉན་རྒྱུ་བྱུང་བ་ནི་ལོ་དྲུག་ཅུ་རེ་གྲངས་ལ་སླེབས་པའི་ཨེ་ཅིབ་ཀྱི་རྒན་མོ་ཝ་ཧྥ·ཧྥ་ལེ་ཐེའི་བསམ་ཡུལ་ལས་འདས་པའི་བྱ་བ་ཞིག་རེད།
     ཟླ་3ཚེས་24ཉིན་ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལི་ཡིས་རྒྱལ་ཡོངས་སུ་བརྙན་འཕྲིན་གསུང་བཤད་གནང་ཞིང་། ཚེས་25ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་དུས་ཡུན་ཉིན་15ཡི་མཚན་རྒྱ་སྡོམ་འགོ་ཚུགས་ཡོད། ས་གནས་དེ་གའི་དུས་ཚོད་ཟླ་4ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་9པར། ཨེ་ཅིབ་མངའ་ཁོངས་ནང་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་1070ཐོན་པ་དང་རིམ་རྩིས་བྱས་ན་ནད་དཔེ་71གྲོངས་ཡོད།
     “འཁྲབ་སྟོན་བྱེད་པའི་ཉིན་དང་པོར་ཉི་གཡབ་ཐོག་གི་གློག་ཀྱང་སྤོར་ཕོད་མ་བྱུང”ཞེས་ལོ་24ལ་སླེབས་པའི་ཨོག་ལེན་གཏོང་མཁན་མོ་ཧན་མོ་ཏི·ཨེ་ཏིའར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད། ཁོང་ནི་ད་རེས་ཀྱི“ཉི་གཡབ་ཐོག་གི་ཨོག་ལེན་རྐྱང་དཀྲོལ་འདུ་ཚོགས”ནང་གི་ཨོག་ལེན་རྐྱང་དཀྲོལ་མཁས་ཅན་ཞིག་རེད།
     ཨེ་ཏིའར་གྱིས་དབྱི་ཐ་ལིའི་ཨོག་ལེན་གཏོང་མཁན་གྱིས་ཉི་གཡབ་ཐོག་ནས་ཨོག་ལེན་དཀྲོལ་བའི་བརྙན་ཐུང་མཐོང་རྗེས་ངར་ཡང་མཚན་རྒྱ་སྡོམ་འགོ་ཚུགས་པ་ནས་བཟུང་མཚན་མོ་ཁྱིམ་མཚེས་ཚོར་ཨོག་ལེན་དཀྲོལ་རྒྱུའི་བསམ་འདུན་བྱུང་། སྐབས་དེར་ཁོང་ཚོས་རྣམ་པ་དེ་རིགས་དང་ལེན་བྱེད་ཨེ་ཡོང་སྙམ་ནས་ཉིན་དང་པོའི་མཚན་མོར་གློག་མི་སྤོར་བར་ཨོག་ལེན་དཀྲོལ་བ་ཡིན་ཞེས་བཤད།
     ཨེ་ཏིའར་སྡོད་ཁུལ་ནི་རྒྱལ་ས་ཁེ་རོའི་མི་ཚོགས་མང་བའི་ས་ཁུལ་གྱི་གྲས་ཤིག་རེད། ཨོག་ལེན་ཆེད་ལས་པ་ཞིག་ཡིན་པའི་ཨེ་ཏིའར་གྱིས་རང་ཉིད་ཀྱི་རོལ་དབྱངས་ལས་འཁྲུག་ཆ་དོད་པར་དགའ་བའི་ཨེ་ཅིབ་པ་ཚོར་མཚན་རྒྱ་སྡོམ་པའི་མཚན་མོར་ཡུལ་པོ་མི་ཡོང་བ་དང་སེམས་རྣལ་དུ་ཕབ་ནས་ཁྱིམ་དུ་ལོགས་སུ་སྡོད་ཐུབ་པའི་དྲན་སྐུལ་ཐུབ་པའི་ངོས་འཛིན་བྱེད་པ་མ་ཟད། དེའང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣར་བརྩི་འཇོག་དང་རོགས་རམ་ཆེ་ཤོས་བྱེད་པ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
     “ཁོང་གི་རོལ་ཆ་དཀྲོལ་གཏོང་ལས་ང་ཚོ་སེམས་ལྷོད་དུ་འགྲོ་གི་འདུག” ཨེ་ཏིའར་སྡོད་སའི་ཁ་སྤྲོད་ཐོག་ཁང་དུ་ཡོད་པའི་ལོ་26ལ་སླེབས་པའི་ཁྱིམ་མཚེས་ཨ་ཧེ་མཱ་ཏི·མཱ་ཧ་མའོ་ཏི་ཡིས། ཨེ་ཏིའར་གྱི“ཉི་གཡབ་ཐོག་གི་གླུ་དབྱངས་འདུ་ཚོགས”དེ་ཚང་མས་ཉིན་ལྟར་དགོང་མོ་རེ་སྒུག་བྱ་ཡུལ་དུ་གྱུར་ཞིང་། དེའི་རིང་ཐལ་མོ་རྡེབ་པ་དང་། ཉན་པ། པར་རྒྱག་པ་བཅས་བྱེད་ཀྱི་ཡོད། གླུ་དབྱངས་འདུ་ཚོགས་དེའང་ཐོག་མའི་ཆུ་ཚོད་ཕྱེད་ཀ་ནས་ད་ལྟའི་ཆུ་ཚོད་གཅིག་ལྷག་ཙམ་བར་རིང་དུ་སོང་ཡོད་ཅེས་གསར་འགོད་པར་བཤད།
     ཙུང་ལི་མཱ་ཏི་པུའུ་ལི་ཡིས་མིག་སྔར་ཨེ་ཅིབ་ཏུ་རིམས་ནད་གཞི་ཁྱོན་ཆེན་པོས་མཆེད་པར་ད་དུང་དུས་ཡུན་ངེས་ཅན་ཞིག་ཡོད་མོད། འོན་ཀྱང་ཉིན་གཅིག་གི་གཏན་འཁེལ་བྱུང་བའི་ནད་དཔེའི་བསྡོམས་གྲངས་མང་དུ་སོང་བའི་ཁར། མི་འབོར་ཡང་ཅུང་མང་བས་ཨེ་ཅིབ་དམངས་ཚོགས་ཀྱི་སེམས་ཁྲལ་ཉིན་རེ་ལས་ཉིན་རེ་མ་འདས་པར་ཆེ་རུ་འགྲོ་གི་འདུག་ཅེས་གསུངས། ཉེ་ཆར་ཨེ་ཅིབ་རིག་རྩལ་ལས་རིགས་ཀྱིས་བྱ་སྤྱོད་སྤེལ་འགོ་བཙུགས་ཏེ། རིག་རྩལ་ལ་བརྟེན་ནས་མི་རྣམས་ཁྱིམ་དུ་སྡོད་ཐབས་བྱེད་པ་དང་དུས་མཚུངས་ཚང་མའི་དངངས་སྐྲག་ཀྱང་འཇགས་ཐབས་བྱེད་ཀྱི་ཡོད།
     ཨེ་ཅིབ་ཀྱི་གྲགས་ཅན་གཞས་གདངས་རྩོམ་མཁན་དང་ཀང་ཆིང་རོལ་ཆ་དཀྲོལ་མཁས་ཅན་ཨའོ་མའར·ཧའེ་ལ་ཐེ་ཡིས་ཡུན་རིང་མ་སོང་གོང་རང་ཉིད་ཀྱིས་དྲ་ཐོག་ཏུ་རིན་མེད་རོལ་དབྱངས་འདུ་ཚོགས་འཚོགས་པ་དང་དུས་མཚུངས་དྲ་ཐོག་ནས་ལྟ་མཁན་མི་ཁྲི་50ཙམ་ཟིན་ཡོད།