འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་7ཉིན།

༄༅༎རྨ་ལྷོ་ཡིས་བྱ་ཐབས་སྣ་མང་སྤྱད་དེ་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་07ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། འབྲོག་ལས་ཐོན་ལས་ནི་རྨ་ལྷོ་ཡི་འདེགས་སྐྱོར་ཐོན་ལས་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སོག་རྫོང་དང་རྩེ་ཁོག་རྫོང་གཙོ་གནད་དུ་བྱས་ཏེ་རེབ་གོང་དང་གཅན་ཚ་རྫོང་གིས་ཞིང་ཆེན་རིམ་པའི་སྣོད་བཅུད་སྐྱེ་ལྡན་འབྲོག་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ཁྲིད་བྱས་པས། རྩྭ་ཐང་གི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། འབྲོག་ལས་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་བྱུང་ཡོད་པ་རེད།
     གླིང་ཁུལ་འཛུགས་སྐྲུན་ཐད། སོག་རྫོང་གིས“ཨེ་ཤེ་ཡའི་རང་བྱུང་འབྲོག་ར”ཞེས་པའི་བྱང་བུ་རྩ་ཆེན་དེར་བརྟེན་ནས་སྐྱེ་ལྡན་འབྲོག་ལས་ལས་སྣོན་གླིང་དང་ཚན་རྩལ་དཔེ་སྟོན་གླིང་བསྐྲུན་པས་རྒྱུད་བཟང་ཕྱུགས་རིགས་གསོ་སྤེལ་གྱི་སྤུས་ཚད་མཐོ་རུ་ཕྱིན་པ་དང་རིམ་སྤོར་བྱུང་བ་རེད། རྩེ་ཁོག་རྫོང་གིས་རྒྱལ་ཡོངས་ཀྱི་འབྲི་གཡག་དང་བོད་ལུག་གིས་གཙོ་ཁྲིད་ཐོན་ལས་བྱེད་པའི་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་གཅིག་པུ་དེ་གྲུབ་འབྲས་ཐོབ་པའི་ངང་བཏོད་པས“སྦྲ་དཀར”དཔེ་སྟོན་ཁྱབ་གདལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
     ཐོན་ལས་འཕེལ་རྒྱས་ཐད། “ཞོལ་ཏུའོ་འབྲི་གཡག”དང“ཨོའུ་ལ་ལུག”རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་མིང་གཞུང་ནང་བཅུག་ནས“ཀྲུང་གོའི་བོད་ལུག་གི་ལྟེ་གནས”དང“འཛམ་གླིང་གི་འབྲི་གཡག་གྲོང་”གི་ས་ཁོངས་སྤུས་རྟགས་ཅན་འཛུགས་སྐྲུན་ལ་རམ་འདེགས་བྱས་ཏེ“འབྲོག་ལས+”འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་སྲོལ་རྒྱུན་གྱི་འབྲོག་ལས་དེ་ཐོན་ལས་གཉིས་པ་དང་གསུམ་པའི་ཕྱོགས་སུ་སྣུར་སྲིང་བྱེད་མགྱོགས་སུ་བཏང་ཡོད་པ་རེད།
     གཞན་ཡང་དྲ་ཐོག་ཚོང་དོན་དང་དངོས་ཚན་འཁོར་རྒྱུག་ཟུང་འབྲེལ་གྱི་ཟོག་འགྲེམས་མ་ལག་བསྐྲུན་པ་བརྒྱུད་སྐྱེ་ལྡན་ཚགས་ཤ་དང་ལུག་ཤ་དང་། དཀར་ཆུའི་ཐོན་རྫས། ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་སྤུས་ལེགས་ཐོན་རྫས་ཁག་གཅིག་ཅིང་ཏུང་དང་ཨ་ལི་པ་པ་སོགས་དྲ་ཚིགས་ཐོག་ཐད་ཀར་ཕྱིར་ཚོང་མཁོ་འདོན་བྱས་པ་དང་། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཁག་གཅིག་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སྣུམ་སྣོན་ས་ཚིགས་ཀྱི་མུ་འབྲེལ་སྒོ་རྩིས་ཚོང་ཁང་ནང་འདོན་པ། ཞིང་ཆེན་ཕྱི་ནང་དུ་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་བྲིན་ཚོང་སྐར་ཁུང་དང་ཐད་ཚོང་ཁང་127བཙུགས་པས་ཞིང་པ་དང་སྒོ་རྩིས་ཚོང་ཁང་སྦྲེལ་མཐུད་དང་། ཞིང་པ་དང་ཚོང་པ་སྦྲེལ་མཐུད་འཕེལ་རྒྱས་མགྱོགས་པོ། འཕེལ་ཕྱོགས་ཡག་པོ་བཅས་བྱུང་ནས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་ནུས་ལྡན་ངང་ཤར་གཏོང་ཐུབ་ཡོད།
     མིག་སྔའི་བར་ཁུལ་ཡོངས་ཀྱི་ཞིང་འབྲོག་དང་འབྲེལ་བའི་སྣེ་འདྲེན་ཁེ་ལས་ཆེ་གྲས་19ཟིན་པ་དང་སྣོད་བཅུད་སྐྱེ་ལྡན་འབྲོག་ལས་མཉམ་ལས་ཁང་80%ཡིས་གསོ་ཚགས་ལས་སྣོན་དང་། སྐྱེལ་འདྲེན། བཟའ་བཏུང་། ཞག་སྡོད་སོགས་གཉེར་སྐྱོང་བྱེད་སྟངས་སྣ་ཚོགས་བཏོད་པས་འབྲོག་པའི་སྒྲིག་འཛུགས་ཅན་གྱི་ཚད་གཞི་དང་འབྲོག་ལས་ཐོན་སྐྱེད་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།