འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་7ཉིན།

༄༅།།“དགེ་རྒན་གང་དུ་ཡོད་ན་དེ་གར་སློབ་ཚན་འཁྲིད་ཆོག”

—— ཀན་སུའུ་ལ་རོགས་སྐྱོར་བྱེད་མཁན་དགེ་རྒན་ཚོའི་རིམས་འཐབ་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་07ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲོའུ་རུན་ཅན།
    “རྒན་ཨན་ལགས། ཁྱེད་རང་ཕྱིར་མ་ལོག་ན། ང་ཚོའི་སློབ་ཚན་སུ་ཡིས་འཁྲིད” ཀན་སུའུ་ལ་རོགས་སྐྱོར་བྱེད་མཁན་དགེ་རྒན་ཨན་ནཱ་ཟླ་2ཚེས་24ཉིན་ཡས་མས་སུ་ཀན་སུའུ་ཆིང་ཧྲུའེ་རྫོང་དུ་ལོག་ནས་མུ་མཐུད་རང་ཉིད་ཀྱི་སློབ་སྐྱོར་ལས་ཀ་སྒྲུབ་རྩིས་ཡོད་མོད། ཡིན་ན་ཡང་གློ་བུར་དུ་ཐོན་པའི་རིམས་ནད་ཀྱིས་ཁོ་མོའི་འཆར་གཞི་ཡོངས་སུ་དཀྲུགས་པ་རེད། “ཕྲུ་གུ་ཚོ། སེམས་ཁྲལ་མ་བྱེད། དགེ་རྒན་གང་དུ་ཡོད་ན་དེ་གར་སློབ་ཚན་འཁྲིད་ཆོག”ཅེས་ཕྲུ་གུ་ཚོ་སེམས་ལ་ཉར་བའི་ཨན་ནཱ་ཡིས་སྐད་འཕྲིན་ཚོགས་པར་དེ་ལྟར་བརྗོད།
    ཨན་ནཱ་ནི་ཐེན་ཅིན་གྲོང་ཁྱེར་སློབ་འབྲིང་གཉིས་པའི་དགེ་རྒན་ཞིག་ཡིན་ཞིང་། 2019ལོའི་ཟླ་དགུ་པར་སྤྲོ་སེམས་ཆེན་པོས་ཀན་སུའུ་ཞིང་ཆེན་ཐེན་ཧྲུའེ་གྲོང་ཁྱེར་ཆིང་ཧྲུའེ་རྫོང་ཤིན་ཁྲེང་ཤང་སློབ་འབྲིང་ལ་བསྐྱོད་དེ་དུས་ཡུན་ལོ་གཅིག་གི་སློབ་སྐྱོར་ལས་ཀ་སྒྲུབ་འགོ་ཚུགས། ཁོ་མོས་ལོ་རིམ་བདུན་པར་རྩིས་རིག་སློབ་ཚན་འཁྲིད་ཀྱི་ཡོད།
   “སློབ་ཚན་འཁྲིད་མཚམས་བཞག་ཀྱང་སློབ་སྦྱོང་བྱེད་མཚམས་འཇོག་མི་རུང” རིམས་ནད་ཐོན་རིང་། ཕྲུ་གུ་ཚོའི་སློབ་སྦྱོང་ལ་འཐུས་ཤོར་མི་འགྲོ་བའི་ཆེད་དུ། ཨན་ནཱ་ཡིས་དྲ་ཐོག་ནས་སློབ་ཚན་ཁྲིད་པ་རེད། “བརྡ་རྟགས་ཡག་པོ་ཨེ་ཡོད་བསམས་ནས། ངས་ཐད་གཏོང་མ་བྱས་པར་རབ་བཏགས་རི་མོའི་ཚུལ་དུ་བརྙན་ཐུང་བཟོས་ཏེ་ཉིན་ལྟར་སྐད་འཕྲིན་ཚོགས་པར་བཏང་ནས་ཕྲུ་གུ་ཚོར་སྦྱང་ཚན་འབྲི་རུ་བཅུག་པ་ཡིན། སྐད་འཕྲིན་སློབ་ཚན་ནི་དུས་ཡུན་ཐུང་ཞིང་སྤྲོ་སྣང་ལྡན་ལ། གཙོ་བོ་སྔོན་སྦྱོང་བྱ་རྒྱུ་ཡིན་པས། ཕྲུ་གུ་ཚོའི་བརྩོན་སེམས་ཆེན་པོ་འདུག”ཅེས་ཨན་ནཱ་ཡིས་བརྗོད།
    རིམས་ནད་ཐོན་རིང་། ཕྲུ་གུ་ཚོའི་སློབ་སྦྱོང་གི་བརྩོན་སེམས་འཕེལ་ཆེད། ཨན་ནཱ་ཡིས་ཕྲུ་གུ་ཚོར། འདི་ནི་ཚང་མའི་རང་གཅུན་ནུས་པར་ཚོད་བགམ་དང་རང་རྟེན་སློབ་སྦྱོང་ནུས་པ་སྐྱེད་སྲིང་བྱེད་པའི་གོ་སྐབས་ཡག་པོ་ཞིག་རེད། སློབ་འགོ་ཚུགས་རྗེས། ངས་རང་འགུལ་རང་རྟོགས་ངང་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་ཚོར་བྱ་དགའ་སྤྲོད་ཀྱི་ཡིན་ཞེས་རྗོད་ཀྱི་ཡོད། “ཕྲུ་གུ་ཚོའི་སློབ་སྦྱོང་གི་བརྩོན་སེམས་འཕྲལ་དུ་ཆེ་རུ་ཕྱིན་ནས། སྐད་འཕྲིན་ནང་དྲི་བ་འདོན་མཁན་ཡང་མང་པོ་འདུག སློབ་སྐྱོར་དགེ་རྒན་ཞིག་གི་ངོས་ནས། འདི་ཡང་རིམས་ནད་ལས་རྣམ་པར་རྒྱལ་བར་རྒྱབ་སྐྱོར་བྱེད་པ་ཞིག་མིན་ནམ”ཞེས་ཨན་ནཱ་ཡིས་བརྗོད།
   ཨན་ནཱ་དང་འདྲ་བར་ཐེན་ཅིན་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་དགེ་རྒན་ཞཱ་ཀྲུང་མིན་གྱིས་ཀྱང་ཆིང་ཧྲུའེ་རྫོང་དུ་སློབ་སྐྱོར་ལས་ཀ་བྱེད་ཀྱི་ཡོད་དེ། ཁོ་མོས་ཧྥིང་ཝང་ཤང་སློབ་འབྲིང་ལོ་རིམ་བརྒྱད་པར་དངོས་ཁམས་སློབ་ཚན་འཁྲིད་ཀྱི་ཡོད། རིམས་ནད་ཐོན་རིང་། ཁོ་མོས་ཀྱང་དུས་དང་རྣམ་པ་ཀུན་ཏུ་སློབ་ཕྲུག་ཚོར་སེམས་ཁྲལ་བྱེད་བཞིན་ཡོད། “ད་ཆ་སློབ་ཕྲུག་ཚོར་ངོ་འཕྲད་གདོང་ཐུག་གིས་སློབ་ཚན་འཁྲིད་མི་ཐུབ་ཀྱང་། དྲ་རྒྱས་ང་ཚོ་ཚང་མ་དམ་པོར་འབྲེལ་ཡོད”ཅེས་ཞཱ་ཀྲུང་མིན་གྱིས་བརྗོད།
   ཞཱ་ཀྲུང་མིན་གྱིས་ད་དུང་དྲ་ཐོག་ཀུན་སྤྱོད་སློབ་གསོ་ཡང་ཧུར་ཐག་སྤེལ་གྱི་ཡོད། རིམས་ནད་ཐོན་རིང་། ཐེན་ཅིན་གྲོང་ཁྱེར་སློབ་འབྲིང་སོ་ལྔ་པའི་ཀུན་སྤྱོད་སློབ་གསོ་ཁྲུས“‘རིམས་ནད་དང་འཐབ་མཁན་དཔའ་བོ་ཚོར’གུས་འདུད་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་འཛིན་ཚོགས་འཚོག་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་ཤེས་རྗེས། ཁོ་མོས་སློབ་གྲྭ་གཉིས་ཀར་འབྲེལ་གཏུག་ཐེངས་མང་བྱས་མཐར་དྲ་ཐོག་འཛིན་ཚོགས་བདེ་བླག་ངང་འཚོགས་ཐུབ་པ་རེད། “ཐོན་ཁུངས་མཉམ་དུ་སྤྱད་ནས་དྲ་ཐོག་འཛིན་ཚོགས་འཚོགས་པ་བརྒྱུད། སློབ་ཕྲུག་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་སྤྲོ་སེམས་ཆེ་རུ་ཕྱིན་འདུག”ཅེས་ཞཱ་ཀྲུང་མིན་གྱིས་བརྗོད།
    སློབ་ཚན་གྲ་སྒྲིག་དང་། སྦྱང་ཚན་བཀོད་སྒྲིག དྲིས་ལན་འདེབས་པ་སོགས་ཀྱིས་མི་སྒེར་གྱི་དུས་ཚོད་མང་པོ་བཟུང་ཡང་། སློབ་ཕྲུག་ཚོའི་སློབ་སྦྱོང་གི་བརྩོན་སེམས་ཆེ་རུ་ཕྱིན་པ་དང་། དགེ་སློབ་བར་གྱི་འབྲེལ་བ་ཡང་ཟབ་ཏུ་ཕྱིན་པས། ཞཱ་ཀྲུང་མིན་དང་ཨན་ནཱ་དགའ་ཚོར་ཆེན་པོ་བྱུང་ཡོད།