འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་7ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་བསྟན་དོན། ཀྲུང་གོས་སྨན་བཅོས་དངོས་
ཟོག་ཕྱིར་གཏོང་བྱ་རྒྱུར་ཚོད་འཛིན་བྱས་མེད་ལ་བྱེད་ཀྱང་མི་སྲིད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་07ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་ཚོང་དོན་པུའི་ཕྱི་ཕྱོགས་ཚོང་དོན་སིའི་རིམ་པ་དང་པོའི་སྐོར་གཟིགས་པ་ཅང་ཧྥན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཀྲུང་གོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཇེ་ལེགས་སུ་འགྲོ་བ་དང་ཕྱི་རྒྱལ་དུ་རིམས་ནད་མགྱོགས་མྱུར་མཆེད་པའི་སྐབས་སུ་རྒྱལ་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་ལ་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། ཀྲུང་གོས་སྨན་བཅོས་དངོས་ཟོག་ཕྱིར་གཏོང་བྱེད་རྒྱུར་ཚོད་འཛིན་བྱས་མེད་ལ་བྱེད་ཀྱང་མི་སྲིད་ཅེས་བརྗོད།
    ཅང་ཧྥན་གྱིས་རང་རྒྱལ་གྱི་སྨན་རྫས་ལྟ་འདོམས་སྡེ་ཚན་གྱིས་ཆོག་མཆན་སྤྲད་པའི་ཐོན་རྫས་ཀྱི་ཐོ་འགོད་ལག་ཁྱེར་ཐོབ་པའི་སྨན་བཅོས་ཡོ་བྱད་ཐོན་སྐྱེད་ཁེ་ལས་མིག་སྔར་2000ལྷག་ཙམ་ཡོད། ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པའི་ངོས་ནས་བརྗོད་ན། གདམ་ག་ཆོག་པའི་དངོས་ཟོག་མཁོ་འདོན་ཚོང་པའི་གྲངས་འབོར་བལྟོས་བཅས་འདང་ངེས་ཡོད་པ་དང་དངོས་ཟོག་མཁོ་འདོན་གྱི་སྤུས་ཚད་དེ་བས་འགན་ལེན་ཡོད་ཅེས་བརྗོད།
    ཁོང་གིས་ཉེ་བའི་དུས་མཚམས་ཤིག་རིང་རང་རྒྱལ་གྱི་སྨན་བཅོས་དངོས་ཟོག་ཕྱིར་གཏོང་གི་གཞི་ཁྱོན་བརྟན་པོའི་ངང་འཕར་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་ནད་འགོག་རྒོལ་བྱེད་པར་སྔར་བས་རྒྱབ་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད་ཅེས་བརྗོད།
    ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་གོ་རིམ་ལྡན་པའི་ངང་འགག་སྒོ་ལས་སྒྲོལ་རྒྱུར་འགན་ལེན་བྱ་ཆེད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་ཏོག་གསར་གློ་ཚད་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན་རྫས་དང་། སྨན་སྤྱོད་ཁ་རས། སྨན་སྤྱོད་འགོག་སྲུང་གྱོན་ཆས། དབུགས་འབྱིན་རྔུབ་འཕྲུལ་ཆས། དམར་ཕྱིའི་ཚ་བ་ལྟ་ཆས་སོགས་ཕྱིར་གཏོང་སྨན་བཅོས་དངོས་ཟོག་ལ་ཆ་བཞག་ན། སྨན་རྫས་ལྟ་འདོམས་སྡེ་ཚན་གྱིས་ཆོག་མཆན་སྤྲད་པའི་སྨན་བཅོས་ཡོ་བྱད་ཐོན་རྫས་ཐོ་འགོད་ལག་ཁྱེར་ལ་ནན་པོར་གཞིགས་ནས་ཞིབ་བཤེར་བྱས་པ་དང་། ཁེ་ལས་ཀྱིས་གློག་རྡུལ་ཐབས་ལམ་བརྒྱུད་འབྲེལ་ཡོད་དཔང་ཡིག་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱས་པ། ཤེས་བྱའི་བདག་དབང་གི་འགག་སྒོ་བསྲུང་རྒྱུར་ཤུགས་སྣོན་བརྒྱབ་ནས་རིམས་འགོག་ཚོང་ཟོག་གི་དབང་གནོད་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་པ། ཕྱིར་གཏོང་རྫུན་ཞུ་ལྐོག་གཏོང་དང་། ལྐོག་ཏུ་བསྲེས་ནས་གཏོང་བ། རྫུས་མས་ངོ་མའི་ཚབ་བྱེད་པ། ཚད་མ་ལོན་པས་ཚད་ལོན་པའི་ཚབ་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ཡོད།
    འགག་སྒོ་སྤྱི་ཁྱབ་ཧྲུའི་ཕྱོགས་བསྡུས་ལས་སྒོ་སིའི་སི་ཀྲང་ཅིན་ཧའེ་ཡིས་ངོ་སྤྲོད་བྱས་པར། འགག་སྒོའི་བསྡོམས་རྩིས་གྲངས་གཞིར་བལྟས་ན། འདི་ལོའི་ཟླ་3པའི་ཟླ་སྨད་ནས་བཟུང་ཕྱིར་གཏོང་བྱས་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་འཕར་ཚད་མང་དུ་ཕྱིན་པ་དང་། ཟླ་3ཚེས་1ཉིན་ནས་ཟླ་4ཚེས་4ཉིན་བར་རྒྱལ་ཡོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་གཙོ་བོ་ཞིབ་བཤེར་བྱས་ནས་ཕྱིར་གཏོང་བྱས་པར་ཁྱོན་སྒོར་དུང་ཕྱུར་102ཟིན་ཡོད་པ་རེད།