འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་7ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་བསྟན་དོན། རང་རྒྱལ་གྱི་འབྲུ་རིགས་
ཐོན་ཚད་མཐོ་བ་དང་མཛོད་ཉར་འདང་ངེས་ཡོད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་07ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རིམས་ནད་ཐོན་རིང་གི་འབྲུ་རིགས་མཁོ་སྤྲོད་དང་འགན་ལེན་ལས་དོན་ཡག་པོ་བསྒྲུབས་པའི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
    རིམས་ནད་གོ་ལ་ཧྲིལ་པོར་མཆེད་པ་དང་བསྟུན་ནས་རྒྱལ་ཁབ་འགའ་ཞིག་གིས་འབྲུ་རིགས་ཕྱིར་གཏོང་ཚོད་འཛིན་བྱེད་འགོ་བཙུགས་པ་དེས་རྒྱལ་སྤྱིའི་འབྲུ་རིགས་ཀྱི་རིན་གོང་འཕར་ཡོད། རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ཀྱི་གནས་ཚུལ་སྐོར་ལ་ཞིང་ལས་གྲོང་གསེབ་པུའི་འཕེལ་རྒྱས་འཆར་འགོད་སིའི་སི་ཀྲང་ཝུའེ་པའེ་ཀང་གིས། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་འབྲུ་རིགས་ལོ་5བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི་1.3བརྟན་པོ་བྱུང་བ་དང་། ན་ནིང་འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་13277ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པས་བཟའ་འབྲུའི་བདེ་འཇགས་རྦད་དེ་འགན་ལེན་ཡོད་ཅེས་གསུངས།
    “མིག་སྔར་རང་རྒྱལ་གྱི་འབྲུ་རིགས་མཛོད་ཉར་འདང་ངེས་ཡོད་པ་དང་། མཛོད་ཉར་འཛད་སྤྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་ཀྱིས་བཏོན་པའི་17%ནས18%བར་གྱི་བདེ་འཇགས་ཀྱི་ཆུ་ཚད་ལས་ཧ་ཅང་མཐོ་བ་ཡོད། ལྷག་པར་དུ་གྲོ་དང་ཤུན་ལྡན་འབྲས་མཛོད་ཉར་བྱེད་ཚད་རྒྱལ་ཡོངས་མི་དམངས་ཀྱི་ལོ་གཅིག་གི་འཛད་སྤྱོད་ཚད་གཞི་དང་ཧ་ལམ་མཚུངས་ཀྱི་ཡོད། སྤྱིའི་ཆ་ནས་བལྟས་ན། འབྲུ་རིགས་ཐོན་ཚད་མཐོ་བ་དང་མཛོད་ཉར་བྱེད་ཚད་འདང་ངེས་ཡོད་པ་སྟེ། རྒྱལ་ནང་གི་རིམས་ནད་ཅུང་ཚབས་ཆེ་བའི་སྐབས་སུའང་འབྲུ་རིགས་དང་དེ་བཞིན་རིགས་ཁག་གི་ཞོར་ཟས་ཚང་མ་འདང་ངེས་དང་རིན་གོང་བརྟན་པོ་ཡོད་པས་ད་ཆ་དེ་བས་འབྲུ་རིགས་ཧབ་ཐོབ་ཀྱིས་ཉོ་སྒྲུབ་དང་གསོག་ཉར་བྱེད་དགོས་མེད” ཝུའེ་པའེ་ཀང་གིས་རང་རྒྱལ་གྱི་འབྲུ་རིགས་ནང་འདྲེན་བྱེད་ཚད་ཏུན་ཁྲི་1468ཟིན་པ་དེས་རང་རྒྱལ་གྱི་འབྲུ་རིགས་འཛད་སྤྱོད་བསྡོམས་འབོར་གྱི་2%ཙམ་ལས་ཟིན་གྱི་མེད། རྒྱལ་སྤྱིའི་འབྲུ་རིགས་ཀྱི་རིན་གོང་འཕར་ཡང་རྒྱལ་ནང་གི་འབྲུ་རིགས་རིན་གོང་ལ་ཤུགས་རྐྱེན་དེ་ཙམ་ཐེབས་མི་སྲིད། ཉེ་ཆར་མི་འགའ་ཞིག་གིས་རང་རྒྱལ་གྱི་སྲན་ཆེན་ནང་འདྲེན་ལ་ཤུགས་རྐྱེན་ཐེབས་སྲིད་པར་སེམས་ཁྲལ་བྱེད་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3པར་པར་ཙིར་གྱིས་ཀྲུང་གོར་སྲན་ཆེན་ཕྱིར་གཏོང་བྱེད་ཚད་མང་དུ་བཏང་བ་དང་། མིག་སྔར་རང་རྒྱལ་གྱི་སྲན་ཆེན་རྒྱུན་གཏན་ལྟར་ནང་འདྲེན་བྱེད་བཞིན་ཡོད་པས་དེའི་ཐད་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་གསུངས།
    རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་བདེ་འཇགས་མཛོད་ཉར་དང་ཚན་རྩལ་སིའི་སི་ཀྲང་ཝང་ཧུང་གི་ངོས་འཛིན་ལ། ད་ཐེངས་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་ཁྲོད་རང་རྒྱལ་གྱི་འབྲུ་རིགས་འཕྲལ་སྡོམ་འགན་ལེན་མ་ལག་གིས་ནུས་པ་ཧུར་ཐག་བཏོན་ཡོད་པ་སྟེ། ཁོང་གིས“རིམས་ནད་ཐོན་རིང་ང་ཚོས་འབྲུ་རིགས་ལས་སྣོན་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་ལ་མཐུན་སྦྱོར་ཧུར་ཐག་བྱས་ཤིང་། མིག་སྔའི་བར་རྒྱལ་ཡོངས་སུ་འཕྲལ་སྡོམ་ལས་དོན་ཁེ་ལས་5388ཡོད་པའི་ཁྲོད་ཁེ་ལས་4750ལས་འགོ་བསྐྱར་འཛུགས་བྱས་ནས་ལས་འགོ་བསྐྱར་འཛུགས་བྱེད་ཚད་88.2%ཟིན་པ་དང་། ལས་འགོ་བསྐྱར་འཛུགས་ཁེ་ལས་ཀྱི་གྲོ་དང་ཤུན་ལྡན་འབྲས་ལས་སྣོན་བྱེད་ཚད་ཉིན་རེར་ཏུན་ཁྲི་96.2དང་ཁྱོན་བསྡོམས་རྒྱ་མ་དུང་ཕྱུར་19.2ཟིན་གྱི་ཡོད། ཉིན་རེར་མི་རེར་འབྲུ་རིགས་རྒྱ་མ་གང་ལྟར་བརྩིས་ན་འབྲུ་རིགས་འཕྲལ་སྡོམ་ལས་སྣོན་ཁེ་ལས་དེ་དག་ཁོ་ནས་ཉིན་རེར་ལས་སྣོན་བྱས་པའི་འབྲུ་རིགས་ཀྱིས་རྒྱལ་ཡོངས་ཀྱི་མི་དུང་ཕྱུར་14ལ་ཉིན་གཅིག་ལྷག་ཙམ་འདང་གི་ཡོད”ཅེས་གསུངས།