འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་5ཉིན།

༄༅།།བོད་རིགས་བུ་མོ་བསོད་ནམས་མཚོ་མོའི་ལན་ཆིའུ་སྤོ་ལོའི་ཕུགས་འདུན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་05ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    རི་མོ་དང་། ཡིག་གཟུགས། ལན་ཆིའུ་སྤོ་ལོ། རྐང་རྩེད་སྤོ་ལོ་བཅས་ལས་ཁྱེད་རང་དགའ་ཤོས་གང་ཡིན་ནམ་ཞེས་གསར་འགོད་པས་སྐད་ཆ་འདྲི་སྐབས། ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང་དམའ་འབྲིང་ལོ་རིམ་གསུམ་པའི་བོད་རིགས་བུ་མོ་བསོད་ནམས་མཚོ་མོས་ཐེ་ཚོམ་སྤུ་ཙམ་མེད་པར“ལན་ཆིའུ་སྤོ་ལོ་ཡིན། ཡིན་ནའང་ངས་སློབ་སྦྱོང་ལ་འཐུས་ཤོར་བཏང་མེད”ཅེས་བཤད་ནས་རྒྱུག་ཤར་གློད་དེ་ཕྱིན།
     གཟུགས་པོ་ཐང་ཤ་དོད་པ་དང་། ངོ་གདོང་དམར་སྨུག་ཡིན་པ། གད་མོ་དགོད་རྒྱུར་དགའ་བའི་བསོད་ནམས་མཚོ་མོས་ལུས་རྩལ་གྱོན་ཆས་ཆ་ཚང་ཞིག་གྱོན་ཚེ། གྲོང་ཚོའི་ཕོ་མོ་རྒན་གཞོན་ཚོའི་མིག་ནང་ཁོ་མོ་དམིགས་བསལ་ཞིག་མཐོང་གི་ཡོད། འོན་ཀྱང་ལོ་15ལ་སླེབས་པའི་བུ་མོ་དེས་ཡུལ་གཞན་དུ་ལན་ཆིའུ་སྤོ་ལོ་རྒྱག་པར་ཕྱིན་ནས་རག་པའི་གཟེངས་བསྟོད་རྟགས་མ་དང་ལག་ཁྱེར་དེ་དག་ནི་གྲོང་མི་ཚོ་མི་རབས་ནས་མི་རབས་བར་མཐོང་མ་མྱོང་བའི་གཟི་བརྗིད་ཤ་སྟག་ཡིན་སྟབས། ཚང་མའི་མིག་ནང་ཁོ་མོ་ནི“ལན་ཆིའུ་སྤོ་ལོ་རྒྱག་མཁན་གྱི་བུ་མོ”གྱོང་པོ་ཞིག་ཏུ་གྱུར་ཡོད།
     བསོད་ནམས་མཚོ་མོའི་ཕ་ཡུལ་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་བདེ་ཆེན་རྫོང་བླ་རི་ཤང་ལྕགས་ཕུགས་གྲོང་ཚོ་ཤུག་རྟ་ཚོགས་ཆུང་ལ་དེ་སྔ་གཞུང་ལམ་མེད་པའི་སྐབས་སུ་གྲོང་མི་ཚོ་ཕྱོགས་ལ་ཐོན་སྐབས་རྐང་ཐང་མར་འགྲོ་དགོས་པ་དང་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་སྐབས་མི་ཤུགས་དང་ཁལ་མར་བརྟེན་དགོས་ཀྱི་ཡོད། དུད་ཚང་བཅུ་གྲངས་ལས་མེད་པ་དག་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་ལྟར་རི་ལྡེབས་སུ་ཐར་ཐོར་དུ་གནས་པ་དང་། མི་རབས་མང་པོ་ཕྱི་རོལ་དང་འབྲེལ་ཐག་ཆད་པའི་རྣམ་པའི་ཁྲོད་འཚོ་བ་སྐྱེལ་དགོས་བྱུང་སྟབས་དབུལ་པོ་ལས་ཀྱིས་ཆགས་ཡོད།
     ལམ་བཟོས་པ་དང་ཁང་པ་བརྒྱབ་པ། ཆུ་གློག་ཁྲིད་པ། ཁྱིམ་ཚང་མགྲོན་ཁང་གཉེར་བ་སོགས་ཏང་གི་སྲིད་ཇུས་ཀྱི་དཔྱིད་རླུང་དྲོན་མོ་ལོ་ངོ་སྟོང་གི་རིང་གཉིད་ལ་ཡུར་བའི་རི་གྲོང་དེར་ལྡང་བས་ཤུག་རྟ་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཆེན་པོ་ཕྱིན་ཏེ་ཕྱི་རོལ་གྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
     བསོད་ནམས་མཚོ་མོའི་ཁྱིམ་གྱི་སྒོ་འཛུལ་མ་ཐག་ཇ་བསྲུབས་མའི་དྲི་ཞིམ་འཐུལ་ཞིང་། ཚོམས་ཆེན་གྱི་གྱང་ངོས་གཅིག་ཚང་མར་ཁོ་མོའི་གཟེངས་རྟགས་སྦྱར་ཡོད་པ་དང་ཕྱོགས་གཞན་ཞིག་གི་ཆ་སྒམ་སྟེང་བྱ་དགའི་རྟགས་མ་གང་བསྒྲིགས་ཡོད།
    “ལན་ཆིའུ་སྤོ་ལོ་རྒྱག་དོན་གང་ཡིན་ཞེ་ན། ང་རང་རྒྱུག་ཤར་མགྱོགས་པོ་གློད་ཐུབ་པས་ཡིན”ཞེས་བསོད་ནམས་མཚོ་མོས་གད་མོ་བགད་དེ་བཤད། ཕ་སྐལ་བཟང་དོན་གྲུབ་ཀྱི་དྲན་ཤེས་ནང་། བསོད་ནམས་མཚོ་མོ་ཆུང་དུས་ནས་རྒྱུག་ཤར་མགྱོགས་པོ་ཡོད་ཅིང་། ཐེངས་ཤིག་ཁྱིམ་གྱི་ཕག་པ་ཤོར་ཏེ་བསོད་ནམས་མཚོ་མོས་དེད་པར་འགྲོ་སྐབས། ཁོ་མོའི་ཨ་མས་ཀྱང་རྗེས་ཟིན་མེད། བསོད་ནམས་མཚོ་མོར་ལུས་རྩལ་གྱི་ལྷན་སྐྱེས་ཡོད་པ་སྐབས་དེ་དུས་ནས་མཐོང་བྱུང་།
     བདེ་ཆེན་རྫོང་སློབ་ཆུང་དང་པོར་ལོ་རིམ་ལྔ་པ་འགྲིམ་སྐབས། ཁོ་མོ་དང་ལན་ཆིའུ་སྤོ་ལོའི་དབར་དངོས་སུ་ལས་འབྲེལ་ཟབ་མོ་ཞིག་ཆགས། སྐབས་དེ་དུས་རྒྱུག་ཤར་མགྱོགས་པའི་བསོད་ནམས་མཚོ་མོས་རྐང་རྩེད་སྤོ་ལོའི་རུ་ཁག་ནང་ཞུགས་དགོས་བསམ་མོད། འོན་ཀྱང་དགེ་རྒན་གྱི་སྦྱོང་བརྡར་ནན་པོ་བཟོད་མི་ཐུབ་པའི་དབང་གིས་བློས་གཏོང་བྱེད་དགོས་བྱུང་ཡོད། དེ་རྗེས་ལུས་རྩལ་དགེ་རྒན་དང་སློབ་གྲྭའི་བུ་མོའི་ལན་ཆིའུ་སྤོ་ལོའི་རྩལ་ཁྲིད་པ་གཅིག་ལྕོགས་ཀྱི་ཁྲིད་སྟོན་འོག་ཁོ་མོ་སློབ་གྲྭའི་ལན་ཆིའུ་སྤོ་ལོའི་རུ་ཁག་ནང་ཞུཌ།
     སློབ་ཆུང་ལོ་རིམ་དྲུག་པའི་སྐབས་སུ་བསོད་ནམས་མཚོ་མོ་རྫོང་ཡོངས་ཀྱི་སློབ་ཆུང་སློབ་མའི་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་རུ་ཁག་གི་རྒྱབ་སྲུང་ཡིན་པ་དང་། ཁོ་མོས་རང་ཉིད་རྒྱུག་ཤར་མགྱོགས་པའི་དགེ་མཚན་ལ་བརྟེན་ནས་ནུས་ཤུཌ་ཡོད་རྒུས་འགོག་སྲུང་བྱས་ཏེ་ཕ་རོལ་གྱི་གཙོ་ཤུཌ་ལ་འགོག་རྒོལ་ཐེངས་མང་བྱས། “སྐར་མ་ཐོབ་མིན་དྲན་གྱི་མི་འདུག ཡིན་ནའང་བག་ཆགས་ཟབ་ཤོས་ནི་ངས་རྒྱུག་ཤར་ཚད་མེད་གློད་པ་དེ་རེད་འདུག སྐབས་དེ་དུས་དངོས་ནས་སྐྱིད་པོ་བྱུང”ཞེས་ཁོ་མོས་བཤད།
    བདེ་ཆེན་རྫོང་དུ་དམའ་འབྲིང་ལོ་རིམ་དང་པོ་འགྲིམ་སྐབས། བསོད་ནམས་མཚོ་མོ་སློབ་གྲྭའི་ལན་ཆིའུ་སྤོ་ལོའི་རུ་ཁག་ནང་ཞུགས་པ་དང་། ལོ་རིམ་གསུམ་པའི་སྐབས་སུ་བདེ་ཆེན་ཀྲོའུ་ཡི་བུ་མོའི་ཀ་པ་རིམ་པའི་རུ་ཁག་ནང་བདམས། ད་བར་ཁོ་མོ་རིམ་པ་མི་འདྲ་བའི་འགྲན་བསྡུར་ཐེངས་20ལྷག་ཙམ་ནང་ཞུགས་མྱོང་ལ་ད་དུང་ཐག་རིང་ཤོས་ལ་ཡུན་ནན་ཞིང་ཆེན་ཧུང་ཧོ་ཀྲོའུ་རུ་འགྲན་བསྡུར་བྱེད་པར་བསྐྱོད་མྱོང་བ་དང་སྐབས་དེའི་འགྲན་བསྡུར་ནང་བསོད་ནམས་མཚོ་མོར་སྐར་མ་20ཐོབ་ཡོད།
    ལན་ཆིའུ་སྤོ་ལོ་ལས་བསོད་ནམས་མཚོ་མོ་ནི་ཕ་མ་གཉིས་ཀྱི་སྤོབས་པར་གྱུར་ཡོད་ལ་གྲོང་ཚོའི་ནང་གི“གྲགས་ཅན་མི་སྣར”ཡང་གྱུར་ཡོད། ན་ནིང་བདེ་ཆེན་རྫོང་གིས་གཉེར་བའི་བུ་མོའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ནང་། སྐལ་བཟང་དོན་གྲུབ་དང་བཟའ་ཟླ་ཆེད་མངགས་རྫོང་གྲོང་དུ་བུ་མོར་ཤུགས་རྒྱག་རོགས་བྱེད་པར་སླེབས་ཡོད། བུ་མོས་ལན་ཆིའུ་སྤོ་ལོ་ཧུར་ཐག་བརྒྱབ་པ་མཐོང་སྐབས། བཟའ་ཚོ་གཉིས་པོར་སྤོབས་སེམས་ཆེན་པོ་སྐྱེས་པ་དང་། མཐར་བསོད་ནམས་མཚོ་མོའི་རུ་ཁག་ལ་ཨང་དང་པོ་ཐོབ་པ་རེད། གྲོང་ཚོར་ལོག་རྗེས་བཟའ་ཚོ་གཉིས་པོའི་དགའ་སྣང་ཡུན་རིང་སོང་ནའང་ཡལ་ཐབས་བྲལ་ཡོད།
    རིམས་ནད་ཐོན་རིང་། ཁྱིམ་ཚང་མགྲོན་ཁང་སྒོ་ཕྱེ་མེད། བསོད་ནམས་མཚོ་མོ་ཡང་ཁྱིམ་དུ་བསྐྱར་སྦྱོང་བྱེད་པ་དང་། ཁྱིམ་སྦྱོང་འབྲི་བ། དྲ་ཐོག་སློབ་ཚན་ཉན་པ་བཅས་བྱེད་ལ་ད་དུང་ཨ་མར་ནང་ལས་ཀྱང་བྱེད་རོགས་བྱེད་ཀྱི་ཡོད། སྐབས་འགར་ལན་ཆིའུ་སྤོ་ལོ་རྒྱག་འདོད་པའི་སྐབས་སུ་ཁོ་མོས་སློབ་གྲྭའི་ལན་ཆིའུ་སྤོ་ལོའི་ཐང་ལ་སྤོ་ལོ་ཡིད་ཚིམ་པ་ཞིག་བརྒྱབ་ཨང་བསམ་གྱི་ཡོད།
    ད་ལྟ་བསོད་ནམས་མཚོ་མོའི་དམིགས་ཡུལ་ནི་ཞིང་ཆེན་རིམ་པའི་མཉམ་འབྲེལ་འགྲན་བསྡུར་གྱི་ཨང་གསུམ་པའི་ནད་ཚུད་པ་བྱ་རྒྱུ་དེ་རེད། དེས་ན་ཁོ་མོས་ཀྱང་ལན་ཆིའུ་སྤོ་ལོ་རྒྱག་རྒྱུ་མཐའ་འཁྱོལ་བྱ་རྒྱུའི་སེམས་ཐག་བཅད་ཡོད། ཁྱིམ་གྱི་སྒོ་རའི་ནང་སྡོད་སྐབས། རྒྱང་རིང་གི་གངས་རི་དང་ཕྱི་རོལ་དང་འབྲེལ་བའི་གཞུང་ལམ་གྱིས་ཁོ་མོར“བསོད་ནམས་མཚོ་མོ། ལན་ཆིའུ་སྤོ་ལོ་རྒྱག་པར་འགྲོ”ཞེས་འབོད་པའི་སྣང་བ་ཡང་ཡང་ཡོང་གི་ཡོད།