འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་4ཉིན།

༄༅།།སྤྱི་བདེ་པུས་བྱ་ཐབས་ཁག་བཅུ་བཏོན་ནས། ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྫུས་མ་དང་སྤུས་ཞན་
བཟོ་བ་དང་འཚོང་བའི་ཉེས་གསོག་བྱེད་སྤྱོད་ལ་གཙོ་གནད་ཐོག་རྡུང་རྡེག་གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་04ཉིན། 15:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྤྱི་བདེ་པུས་སྤྱི་བདེ་ལས་ཁུངས་ཀྱིས་བཟའ་བཅའ་དང་། སྨན་རྫས། ཁོར་ཡུག་བཅས་གསུམ་དང་ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་འགན་ལེན་བྱེད་པའི་བྱ་ཐབས་ཁག་བཅུ(གཤམ་དུ“བྱ་ཐབས་ཁག་བཅུ”ཞེས་བསྡུ་རྒྱུ)བཏོན་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་བདེ་པུས་ད་ཐེངས་བྱ་ཐབས་བཟོ་བའི་དམིགས་ཡུལ་ནི། ས་གནས་ཁ་ཤས་ཀྱི་བཟའ་བཅའ་དང་། སྨན་རྫས། ཞིང་སྤྱོད་རྒྱུ་ཆ། ལས་གྲྭ་འཛུགས་སྐྲུན། ཤེས་བྱའི་བདག་དབང་སོགས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་དམངས་འཚོ་འགན་ལེན་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱབ་ཁོངས་སུ་གནས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དམིགས་ནས། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་རྫུན་བཟོ་རྫུན་འཚོང་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རང་འགུལ་ངང་གྲལ་བཤེར་བྱེད་པ་དང་ཁྲིམས་བཞིན་རྡུང་རྡེག་གཏོང་བའི་བྱེད་སྒོ་བཀོད་སྒྲིག་བྱས་ཏེ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་འབྲེལ། དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། དེའི་ནང་། བྱ་ཐབས་ཁག་བཅུའི་ནང་སྨན་རྫས་ཁྱབ་ཁོངས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་བཏང་ནས། ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་དང་། རིམས་འགོག་རིགས་ཀྱི་སྨན་རྫས། ནད་དུག་ཞིབ་དཔྱད་ཚད་ལེན་གྱི་ཚོད་ལྟའི་སྨན། ཁ་རས། དུག་སེལ་གཤེར་ཁུ། འགོག་སྲུང་གྱོན་ཆས་སོགས་འགོག་སྲུང་དངོས་པོ་དང་སྨན་བཅོས་འཕྲུལ་ཆས་བཅས་རྫུས་མ་དང་སྤུས་ཞན་བཟོ་བ་དང་འཚོང་བའི་ཉེས་གསོག་བྱེད་སྤྱོད་ལ་གཙོ་གནད་ཐོག་རྡུང་རྡེག་བཏང་སྟེ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་དང་སྨན་རྫས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།
    བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཁྲིམས་འགལ་ཉེས་གསོག་གནད་དོན་ལ་དམིགས་ནས་སྤྱི་བདེ་པུའི་བཟའ་བཅའ་དང་སྨན་རྫས་ཉེས་གསོག་མྱུལ་ཞིབ་ཅུས་ཀྱི་ཅུས་ཀྲང་ལུའི་ཝུའུ་ཆིན་གྱིས། ཉེ་དུས། ས་གནས་ལ་ལར་ཁ་རས་དང་འགོག་སྲུང་གྱོན་ཆས་སོགས་རིམས་འགོག་དང་སྨན་སྤྱོད་དངོས་ཟོག་རྫུས་མ་དང་སྤུས་ཞན་བཟོ་བ་དང་འཚོང་བའི་ཉེས་གསོག་བྱེད་སྤྱོད་མངོན་གསལ་དོད་པའི་གནས་ཚུལ་ལ་དམིགས་ནས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲོམ་ར་ལྟ་འདོམས་དང་སྨན་རྫས་ལྟ་འདོམས་སོགས་སྡེ་ཚན་དང་མཉམ་དུ་ཆེད་དོན་རྡུང་རྡེག་བྱ་སྤྱོད་སྤེལ་བར་ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་བརྗོད་པ་དང་། ཁོང་གིས་གོམ་སྟབས་རྗེས་མར་ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཁུངས་སྣེར་མཐིལ་རྟོགས་གྲལ་བཤེར་གཏིང་ཟབ་བྱས་ནས། ཐོན་སྲིད་པའི་རིམས་འགོག་སྨན་རྫས་སོགས་ཀྱི་སྨན་བཅོས་དང་སྨན་རྫས་ཀྱི་འགོག་སྲུང་དངོས་ཟོག་རྫུས་མ་དང་སྤུས་ཞན་བཟོ་བ་དང་འཚོང་བ་དང་། ཁྲིམས་འགལ་གྱིས་བཟའ་བཅར་སྨན་སྦྱོར་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས“རིམས་འགོག”གི་ནུས་པ་ཡོད་ཟེར་བའི་དུག་དང་གནོད་འཚེ་ཡོད་པའི་བཟའ་བཅའ་དང་འཕྲོད་སྦྱོར་བཟའ་བཅའ་བཟོ་བ་དང་འཚོང་བ། བཟའ་བཅའི་དགོས་མཁོ་དཀོན་པའི་གོ་སྐབས་སྤྱད་དེ་ཤི་ཤ་དང་དུས་ཚོད་ཡོལ་བའི་བཟའ་བཅའ་བཟོ་བ་དང་འཚོང་བ། དྲ་རྒྱའི་ཐོག་ཟས་རིགས་མངགས་ཉོ་མང་བའི་གོ་སྐབས་སྤྱད་དེ་ཚད་མ་ལོན་པའི་ཟ་སྣོད་ཐུམ་སྒྲིལ་རྒྱུ་ཆ་བཟོ་བ་དང་འཚོང་བ། དེ་བཞིན་སློབ་འགོ་ཚུགས་པའི་གོ་སྐབས་སྤྱད་དེ་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ལ་གནོད་འཚེ་བཟོ་བ་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་བཏང་སྟེ། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་སློབ་འགོ་ཚུགས་སྐབས་ཀྱི་གསོལ་ལྕོག་གི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།
    དཔྱིད་རྨོད་སྐབས་ཀྱི་ཞིང་པའི་ཁེ་དབང་སྲུང་སྐྱོང་ཡང་བྱ་ཐབས་ཁག་བཅུའི་ནང་གི་གཙོ་གནད་ཅིག་ཡིན་ཞིང་། དེའི་ཐད། བྱ་ཐབས་ཁག་བཅུའི་ནང་ས་བོན་དང་། ཞིང་སྨན། རྫས་ལུད་སོགས་ཀྱི་དཔྱིད་རྨོད་དངོས་ཟོག་ལ་དོ་ཁུར་བྱས་ནས། ལྐོག་ཏུ་ཐོན་སྐྱེད་དང་། དབང་ཆར་བཙན་གནོད་ཀྱིས་རྫུས་མ་དང་སྤུས་ཞན་བཟོ་བ། ཁྲིམས་འགལ་ངང་སྦྱོར་རྟ་བྱེད་པ། ཚད་མ་ལོན་པས་ཚད་ལོན་པའི་ཚབ་བྱེད་པ་སོགས་ཀྱི་ཉེས་གསོག་བྱེད་སྤྱོད་ལ་གཙོ་གནད་་རྡུང་རྡེག་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
    གཞན་ཡང་། གློག་བརྙན་བརྙན་འཕྲིན་དང་། དྲ་རྒྱའི་གསོ་སྦྱོང་ཁྱབ་ཁོངས་ཀྱི་དབང་ཆར་བཙན་གནོད་དང་པར་དབང་རྐུ་བའི་ཉེས་གསོག་ཀྱང་དེའི་ནང་བཅུག་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་དྲ་ཐོག་ཏུ་སློབ་སྦྱོང་བྱེད་པའི་དགོས་མཁོ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད། ཁྲིམས་འགལ་བ་འགའ་ཞིག་གིས་གོ་སྐབས་དེ་དང་བསྟུན་ནས་ཁྲིམས་འགལ་ངང་དྲ་རྒྱའི་སློབ་ཚན་གྱི་སྐད་ལམ་དང་བརྙན་ལམ་འབེབས་འཇུག་བྱེད་པ་དང་། འབྲེལ་ཡོད་དཔྱད་གཞིའི་བསླབ་གཞི་དང་སློབ་སྦྱོང་གི་དཔྱད་ཡིག་ཁྲིམས་ལས་འགལ་ནས་འདྲ་བཟོ་བྱས་ཏེ་དྲ་ཐོག་ཏུ་གོང་ཁེའི་ངང་བཙོངས་པས་ཁེ་དབང་ཡོད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོས་པ་མ་ཟད། དྲ་ཐོག་ཏུ་སློབ་སྦྱོང་བྱེད་པའི་སྤུས་ཚད་ལའང་ཤུགས་རྐྱེན་བཟོས་ཡོད་པ་རེད། དེའི་ཐད། བྱ་ཐབས་ཁག་བཅུའི་བླང་བྱ་གཞིར་བཟུང་། སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དེའི་རིགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
    ད་དུང་བྱ་ཐབས་ཁག་བཅུའི་ནང་ཁྲིམས་འཛིན་གྱོད་སྒྲུབ་ཀྱི་བྱ་སྤྱོད་སྔར་བས་ལེགས་བཅོས་དང་ཚད་ལྡན་དུ་གཏོང་དགོས་པའི་བླང་བྱ་བཏོན་ཅིང་། ལུའི་ཝུའུ་ཆིན་གྱིས“ད་ཆའི་དུས་མཚམས་ཀྱི་བསམ་གཞིག་གཙོ་བོ་ནི། ཁྲིམས་འཛིན་ནན་པོ་མཐའ་འཁྱོངས་བྱས་ནས། བཟའ་བཅའ་དང་། སྨན་རྫས། ཁོར་ཡུག་གསུམ་དང་ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་གཏོང་དགོས་ལ། ལས་འགན་ཁྲིམས་བཞིན་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་མིག་སྔའི་དུས་བབ་དང་ཁེ་ལས་ཀྱི་དཀའ་ངལ་ལ་བསམ་གཞིག་གང་ལེགས་བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཞབས་འདེགས་འགན་ལེན་བྱེད་དགོས”ཞེས་བརྗོད་པ་དང་། ཁོང་གིས་དེའི་ཐད་སྤྱི་བདེ་ལས་ཁུངས་ཀྱིས་བཟའ་བཅའ་དང་། སྨན་རྫས། ཁོར་ཡུག་གསུམ་དང་ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞིར་དམིགས་ནས་མྱུལ་ཞིབ་དང་སྒྲུབ་གཉེར་མགྱོགས་མྱུར་བྱེད་པའི་ལམ་སྲོལ་འཛུགས་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་ཐག་གཅོད་པའི་གྱོད་དོན་གཙང་བཤེར་བྱས་ཏེ་དབང་ཆ་ཡོད་མཁན་གྱི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་དམ་ལྷོད་ཟུང་འབྲེལ་གྱི་ཉེས་དོན་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་དོགས་ཡོད་ཉེས་ཅན་གྱིས་རང་མོས་ངང་ནག་ཉེས་ངོས་ལེན་ཞུ་བ་དང་རང་ཉེས་འགྱོད་བཤགས་ངོ་མ་བྱེད་པར་བསམ་ཤེས་བྱས་ནས་ངན་སེམས་ཆེན་པོ་མེད་པ་དང་སྤྱི་ཚོགས་ཀྱི་གནོད་འཚེ་ཆུང་བའི་གྱོད་གཞིར་མི་ལུས་དབང་ཆར་ཚོད་འཛིན་བཟོ་བའི་བཙན་ཤེད་རང་བཞིན་གྱི་བྱ་ཐབས་གཟབ་ནན་སྤྱོད་དགོས། སྒོ་ཐེལ་རྒྱག་པ་དང་། བཀག་ཉར། བསྡམས་བཅད་བཅས་བྱེད་རིགས་ལ་དགོས་ངེས་ཀྱི་མ་དངུལ་འཁོར་རྒྱུག་དང་གཏོང་ཡོང་རྩིས་ཁྲ་སྤྱིར་སྔོན་ལ་ཉར་དགོས།