འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་3ཉིན།

༄༅༎གཙང་གསུམ་ཆུ་འགོའི་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་ཨོག་དཀར་དང་གསའ་བསྐྱབས་ཏེ་རང་བྱུང་ཁམས་སུ་བཏང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་03ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་27ཉིན། གཙང་གསུམ་ཆུ་འགོའི་ནགས་ཚལ་སྤྱི་བདེ་ཅུས་འབྲི་ཆུའི་འགྲམ་རྒྱུད་སྲུང་སྐྱོང་ཡན་ལག་ཁུལ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ས་གནས་དེ་གའི་དོ་དམ་སྲུང་སྐྱོང་པའི་ཁ་པར་འབྱོར་ནས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་གྲོང་རྡལ་སྒ་སྟོད་ཞང་སྤོས་ཡུལ་གྲོང་ཚོ་ཞང་ཁ་ཧྲི་གཉིས་པའི་དོ་དམ་སྲུང་སྐྱོང་པའི་སྡོད་ཁང་དུ་མཐོང་མ་མྱོང་བའི་རི་སྐྱེས་སྲོག་ཆགས་མཐོང་བྱུང་ཞེས་བཤད་པ་རེད། ཉེན་བརྡ་འབྱོར་རྗེས་མི་དམངས་ཉེན་རྟོག་པ་འཕྲལ་དུ་ཡུལ་དངོས་སུ་བསྐྱོད་དེ་རི་སྐྱེས་སྲོག་ཆགས་དེའི་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཨོག་དཀར་ཡིན་པ་ཐོག་མའི་གསལ་འབྱེད་བྱས་པ་རེད། ཨོག་དཀར་གྱི་གཟུགས་པོར་གནད་དོན་མེད་པ་ཤེས་རྗེས། མི་དམངས་ཉེན་རྟོག་པ་དང་བདག་སྐྱོང་བ་གཉིས་ཀྱིས་ཨོག་དཀར་རང་བྱུང་ཁམས་སུ་བཏང་བ་རེད། འདི་ནི་གནས་དེའི་སྲུང་སྐྱོབ་ཁུལ་ནས་ཨོག་དཀར་གྱི་རྗེས་ཤུལ་རྙེད་ཐེངས་དང་པོ་རེད། 
     ཟླ་3ཚེས་29ཉིན་གཙང་གསུམ་ཆུ་འགོའི་ནགས་ཚལ་སྤྱི་བདེ་ཅུས་འབྲི་སྟོད་དོ་དམ་ཁྲུའུ་ལ་འབྲོག་པའི་ལྷས་ར་ནས་གསའ་ཞིག་གིས་གཡག་གཅིག་ལ་སོ་བཏབ་ནས་བསད་སོང་བ་དང་། གསའ་མཐར་སྐྲོད་གཏོང་རྒྱུའི་རེ་བ་བཏོན་པའི་ཁ་པར་འབྱོར། ཉེན་བརྡ་འབྱོར་རྗེས་འབྲི་སྟོད་དོ་དམ་ཁྲུའུ་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་ཐག་གཅོད་བྱེད་པར་བསྐྱོད། ཡུལ་དངོས་སུ་འབྱོར་རྗེས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གསའ་ཡིན་པ་ཐོག་མའི་གསལ་འབྱེད་བྱས་ཤིང་། གསའ་དེས་གཡག་ཟ་ཆེད་ལྷས་རར་འཛུལ་བས་ཕྱིར་མ་ཐར་བའི་ཚོད་དཔག་བྱས། མི་དམངས་ཉེན་རྟོག་པ་དང་གསའ་ལ་གནོད་འཚེ་མི་ཕོག་ཆེད། མི་དམངས་ཉེན་རྟོག་པས་སྦྲིད་སྨན་མེ་མདའ་སྤྱད་དེ་གསའ་ལ་སྦྲིད་སྨན་བརྒྱབ་སྟེ་ཞིབ་བཤེར་བྱས་པ་ན་གསའ་དེའི་གཟུགས་པོར་གཡག་གིས་རྡུང་བ་ཡིན་ཚོད་ཀྱི་རྨ་ཤུལ་མང་པོ་ཡོད་པ་རྟོགས། ཉེན་རྟོག་པས་གསའ་ཡི་རྨ་ཁ་ལ་དུག་སེལ་སྟབས་བདེ་བྱས་ཤིང་སྲོག་ཉེན་མེད་པ་གཏན་འཁེལ་བྱུང་རྗེས་རང་བྱུང་ཁམས་ཆེན་མོར་བཏང་བ་རེད།