འཚོལ་བཤེར།   
藏文频道
2020ལོའི་ཟླ་4ཚེས་3ཉིན།

༄༅༎ལམ་ལུགས་ཀྱི་ལེགས་ཆ་ལས་བོད་མི་དམངས་དབུལ་པོའི་གནས་ལས་རྦད་དེ་ཐར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 04ཚེས་03ཉིན། 12:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ལོ་ནི་བོད་ཀྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་ནས་ལོ་61འཁོར་བའི་ལོ་ཞིག་རེད། ལོ་61རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། བོད་ཀྱིས་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་མེད་པ་བཟོས་ཏེ་མིའི་རིགས་ཀྱི་དབུལ་པོ་ཉུང་གཏོང་གི་ལོ་རྒྱུས་ཐོག་ངོ་མཚར་བྱས་རྗེས་བཏོད་ཡོད། འདི་ལྟ་བུའི་བྱས་རྗེས་ངོ་མཚར་ཅན་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འབུར་དུ་ཐོན་ཡོད།
     ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་ཐོན་སྐྱེད་ནུས་ཤུགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་ནི། བོད་མི་དམངས་དབུལ་སྒྲོལ་ཐུབ་པའི་ཡང་དག་པའི་ཁ་ཕྱོགས་ཤིག་ཡིན། འགྲོ་ལམ་གྱིས་ལས་དབང་ཐག་གཅོད་བྱེད་ཀྱི་ཡོད་པས། ཡང་དག་པའི་འགྲོ་ལམ་མེད་ཚེ་མི་དམངས་དབུལ་སྒྲོལ་ཡོང་མི་སྲིད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་པ་བཅས་མངའ་བདག་ཆེན་པོ་གསུམ་ལས་གྲུབ་པའི་ཞིང་བྲན་བདག་པོའི་གྲལ་རིམ་གྱིས་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ལ་གདུག་རྩུབ་ཧ་ཅང་ཆེ་བའི་ཆབ་སྲིད་ཀྱི་གཉའ་གནོན་དང་། དཔལ་འབྱོར་གྱི་བཤུ་གཞོག བསམ་བློའི་བྲན་བཀོལ་བཅས་བྱས་པས། བོད་མི་དམངས་ལ་སྡུག་བསྔལ་ཆེན་པོ་བྱུང་བ་དང་འཚོ་བ་ཡ་ང་བའི་གནས་སུ་གྱར། བོད་ཀྱི་སྤྱི་ཚོགས་ཤིན་ཏུ་དབུལ་ལ་རྗེས་ལུས་དང་སྒོ་རྒྱག་ཉམས་ཆག་གི་གནས་སུ་ལྷུངས་ཡོད། འབྲུ་རིགས་ཐོན་ཚད་ས་བོན་གྱི་ལྡབ་བཞི་ལྔ་ལས་མེད་པ་དང་། འབྲོག་ལས་ནི་གནམ་ཆུ་ཁོ་ནར་བརྟེན་དགོས་པ། དེང་རབས་ཀྱི་དོན་སྙིང་ལྡན་པའི་བཟོ་ལས་གཅིག་ཀྱང་མེད་པ་དང་། གཞུང་ལམ་གཅིག་ཀྱང་མེད་ལ། དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་དང་སྨན་ཁང་དེ་བས་གཅིག་ཀྱང་མེད། མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.5ལས་ཟིན་གྱི་མེད་པ་དང་། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་སྤྱིར་ན་དུས་རབས་བར་མར་ལུས་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཏང་གི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་བཙུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཟོས་ནས། བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འཆིང་རྒྱ་ལས་རྦད་དེ་ཐར་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག བོད་ཀྱིས་སྤྱི་དབང་ལམ་ལུགས་གཙོ་རྐང་དུ་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་ཅན་གྱི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་རྐང་དུ་འཛིན་པ་དང་བགོ་བཤའ་རྒྱག་སྟངས་སྣ་ཚོགས་མཉམ་གནས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ཡོད། དཔལ་འབྱོར་བསྡོམས་འབོར་ཆེས་ཆེར་འཕར་བ་དང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1951ལོའི་སྒོར་དུང་ཕྱུར་1.29ནས་2019ལོའི་སྒོར་དུང་ཕྱུར་1600ལྷག་ཙམ་བར་འཕར་ཡོད། རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་མིག་ཚོད་འཛིན་ལ་ཟམ་མི་ཆད་པར་ཚད་བརྒལ་བྱུང་བ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་དང་། ཕྱོགས་བསྡུས་ནུས་རྒྱུའི་མ་ལག ཕྱོགས་བསྡུས་འཕྲིན་གཏོང་ཆ་འཕྲིན་མ་ལག་བཅས་བཙུགས་པས། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་འགྲོ་བའི་རྣམ་པ་མངོན་ནས་བོད་མི་དམངས་དབུལ་སྒྲོལ་ཐུབ་ཆེད་དངོས་པོའི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
     མི་དམངས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱས་ནས་ཐོན་སྐྱེད་ནུས་ཤུགས་ལ་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་ནི། བོད་མི་དམངས་དབུལ་སྒྲོལ་ཐུབ་པའི་ནང་གནས་སྒུལ་ཤུགས་ཤིག་ཡིན། མི་དམངས་ཀྱི་ཧུར་སེམས་སྐོང་འཐེན་ཐུབ་ན་གཞི་ནས་དངོས་པོའི་རྒྱུ་ནོར་དེ་བས་མང་བ་གཏོད་ཐུབ། བོད་རྙིང་པར་མི་རྣམས་རིགས་གསུམ་དང་རིམ་པ་དགུར་ཕྱེ་བ་སྟེ། སྐུ་དྲག་དང་། མཐོ་རིམ་སེར་མོ་བ། དཔོན་རིགས་བཅས་རིམ་པ་མཐོ་ཤོས་སུ་གནས་པ་དང་། རིམ་པ་མཐོ་བའི་མིའི་ཚེ་སྲོག་གི་སྟོང་ནི་ཕུང་པོ་དང་མཉམ་པའི་གསེར་འཇལ་དགོས་པ་དང་། རིམ་པ་དམའ་བའི་མིའི་ཚེ་སྲོག་གི་སྟོང་དེ་དྲེས་ཐག་གཅིག་གི་རིན་ཐང་ཙམ་ལས་མེད། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་འོག བོད་ཀྱི་མི་འབོར་གྱི་95%བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་ཆབ་སྲིད་ཀྱི་དབང་ཆ་གང་ཡང་མེད་པར་སྤྱི་ཚོགས་བཅོས་སྐྱོང་གི་གྲལ་ནས་ཟུར་འབུད་བྱས་ཏེ“མངའ་བདག་ཆེན་པོ་གསུམ”གྱིས་དབང་ཆ་མཐའ་དག་སྒེར་སྡེམ་བྱས་ཡོད། ཞིང་བྲན་དང་བྲན་གཡོག་ལ་ཐོན་སྐྱེད་རྒྱུ་ཆ་མེད་པ་དང་། མི་ལུས་ལ་རང་དབང་མེད་པ། མངའ་བདག་གི་གཞིས་ཀར་བརྟེན་པ། ངལ་རྩོལ་གྱི་གྲུབ་འབྲས་ཕལ་ཆེ་བ་མངའ་བདག་གིས་བཤུ་གཞོག་བཏང་བ་བཅས་ལས་དབུལ་པོ་དབུལ་རྐྱང་དུ་གྱུར་ཏེ་རང་ཉིད་ཀྱི་གྲིབ་གཟུགས་ཙམ་ལས་ལྷག་མེད་པ་དང་ངལ་རྩོལ་གྱི་ཧུར་སེམས་ཡོངས་སུ་ཉམས། དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་བཀས་བཀོད་རྒྱུད་འཛིན་གྱི་རིམ་ལྡན་ལམ་ལུགས་དང་མི་ལུས་གཞན་བརྟེན་རྦད་དེ་མེད་པ་བཟོས་པ་དང་། མིས་མི་ལ་བཤུ་གཞོག་གཏོང་བ་དང་མིས་མི་ལ་གཉའ་གནོན་བྱེད་པའི་འདྲ་མཉམ་མིན་པའི་ལམ་ལུགས་རྦད་དེ་མེད་པ་བཟོས་ཡོད། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གཞི་རིམ་གྱི་མང་ཚོགས་རང་སྐྱོང་ལམ་ལུགས་བཅས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་སོང་སྟེ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་གདམ་བྱ་འདེམས་བྱེད་དབང་ཆ་ལོངས་སུ་སྤྱོད་རྒྱུ་བྱུང་ནས། རྒྱལ་ཁབ་དོ་དམ་གྱི་ལས་དོན་ནང་འདྲ་མཉམ་ངང་ཞུགས་པ་དང་། ས་ཁུལ་དེ་ག་དང་མི་རིགས་དེ་གའི་ལས་དོན་ལ་རང་བརྟེན་དོ་དམ་བྱས་ནས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་དངོས་སུ་གྱུར་ཡོད། ཐོན་སྐྱེད་ནུས་ཤུགས་ཁྲོད་ཀྱི་གསོན་ཉམས་ལྡན་ཤོས་དང་གསར་བརྗེ་ཆེ་ཤོས་ཀྱི་རྒྱུ་རྐྱེན་ནི་མི་ལ་བཅིངས་འགྲོལ་ཐོབ་པ་དེ་ཡིན་ཞིང་། དེས་ངལ་རྩོལ་གྱི་ཧུར་སེམས་སྐོང་འཐེན་གང་ལེགས་ཐུབ་ནས་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
     མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་ནི། བོད་མི་དམངས་དབུལ་སྒྲོལ་ཐུབ་པའི་སྤྱི་ཚོགས་ཀྱི་ཆ་རྐྱེན་ཞིག་ཡིན། བོད་རྙིང་པ་ནི་ཏཱ་ལའི་རུ་ཚོགས་ཀྱིས་འུད་སྒྲོག་བྱེད་པ་ལྟར་མི་ཡུལ་གྱི“ཤམ་བྷ་ལ”གཏན་ནས་མིན་པར་སྐུ་དྲག་དབར་དབང་ཆ་འཕྲོག་རེས་དང་། ཆོས་ལུགས་ཀྱི་གྲུབ་མཐའི་དབར་འགལ་ཟླ་མང་བ། དབང་སྒྱུར་གྲལ་རིམ་དང་དབང་སྒྱུར་བྱ་ཡུལ་གྲལ་རིམ་དབར་འགལ་ཟླ་རྣོ་ངར་ཆེ་བ་བཅས་ཡོད་པས། མཐུན་སྒྲིལ་ཟེར་བ་གཏན་ནས་གླེང་ཐབས་བྲལ། བོད་ནི་བོད་རིགས་གཙོ་བོར་བྱེད་པའི་མི་རིགས་རང་སྐྱོང་ལྗོངས་ཤིག་ཡིན་ཞིང་། མི་རིགས་40ལྷག་ཙམ་གནས་འདིར་འཚོ་སྡོད་བྱེད་ཀྱི་ཡོད་པས། མི་རིགས་མཐུན་སྒྲིལ་མེད་ཚེ་བྱ་བ་གང་ཡང་སྒྲུབ་ཐབས་མེད། བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཡང་དག་པའི་ལམ་བུའི་ཐོག་བསྐྱོད་པ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བས། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་དགོངས་པ་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། “མོས་སེམས་ལྔ”དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་བ། འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་ཉིན་བཞིན་སྲ་བརྟན་བྱུང་ཡོད། མི་རིགས་མཐུན་སྒྲིལ་ཡོད་པའི་དབང་གིས་ལོ་61རིང་ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱེད་སྤྱོད་ལམ་ལྷོངས་ཐེངས་གཅིག་ཀྱང་བྱུང་མེད་པ་དང་། དེ་ལས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།
     མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་རྒྱུ་ནི་བོད་མི་དམངས་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བའི་རིན་ཐང་དོན་གཉེར་བྱ་ཡུལ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་བོད་དུ་སྲིད་སྐྱོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རེད། བོད་རྙིང་པར་ཐོན་སྐྱེད་རྒྱུ་ཆ་ཕལ་ཆེ་བ་སྤྱིར་ན་ཞིང་བྲན་བདག་པོའི་གྲལ་རིམ་ལ་དབང་བ་དང་། ཞིང་བྲན་གྲལ་རིམ་གྱི་ངལ་རྩོལ་གྲུབ་འབྲས་མངའ་བདག་ཆེན་པོ་གསུམ་གྱིས་གང་དགའ་གང་སྐྱིད་དང་བག་མེད་ལོངས་སྤྱོད་ཁོ་ནར་བྱེད་ཀྱི་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྔ་བར་ཕྱི་གསུམ་དུ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་འབད་འཐབ་ཀྱི་དམིགས་ཚད་དུ་བརྩི་བ་དང་། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོའི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་བས་ཐུན་མོང་ཐོག་རིམ་བཞིན་ཕྱུག་པོར་གྱུར་ཡོད། བོད་རྙིང་པར་90%ཙམ་གྱི་ཞིང་བྲན་ཚང་མར་བུ་ལོན་ཟུག་ནས་གོས་ཀྱིས་ལུས་པོ་མི་དྲོད་པ་དང་ལྟོས་གྲོད་པ་རྒྱག་གི་མེད། བོད་གསར་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཞིང་། 2019ལོར་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་37410ཟིན་པ་དང་། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་12951ཟིན་ཡོད། འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ལོ་15ཡི་རིང་གི་སློབ་ཡོན་སྤྲོད་མི་དགོས་པའི་སློབ་གསོའི་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ངལ་རྩོལ་ནུས་ཤུགས་ལྡན་པའི་མི་འབོར་གྱིས་སློབ་གསོ་དང་ལེན་བྱེད་པའི་ཆ་སྙོམས་ལོ་ཚད་ལོ་8.6ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་རིམ་བཞིན་གྲུབ་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ནས་ལོ་70.6བར་རིང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་ཕན་འབྲས་ཐོན་ནས་དབུལ་པོར་འགྱུར་ཚད་6%མན་ཆག་ཡོད།
     རིག་གནས་འཛུགས་སྐྱོང་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱི་འགོག་རྐྱེན་སེལ་རྒྱུ་ནི་བོད་མི་དམངས་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བའི་བསམ་པའི་སྒུལ་ཤུགས་ཤིག་ཡིན། བོད་རྙིང་པར་ཆོས་ལུགས་སྒེར་གཅོད་བྱས་ནས། དབང་སྒྱུར་གྲལ་རིམ་གྱིས་ལྷ་ཡིས་མཐའ་དག་ཐག་གཅོད་པའི་རྒྱུ་འབྲས་སྨྲ་བར་བརྟེན་ཏེ། མི་དམངས་རྨོངས་སུ་བཅུག་ནས་སྤྱི་ཚོགས་ཀྱི་དངོས་པོའི་རྒྱུ་ནོར་གྱི་གསར་གཏོད་པའི་རིག་གནས་དབང་ཆ་སྤྱིར་ན་ཡོངས་རྫོགས་འཕྲོག་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། བོད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱས་ནས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་ལ་ཏང་གིས་འགོ་འཁྲིད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཚོས་བསམ་པའི་རིག་གནས་ལ་རེ་སྒུག་གསར་པ་བྱེད་པའི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཡོད། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས། ཀྲུང་ཧྭའི་རིག་གནས་ནི་སྔ་བར་ཕྱི་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་བརྟེན་ས་དང་། སེམས་ཀྱི་ཆགས་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཚོའི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ནས། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་བསལ་ཏེ་མི་དམངས་མང་ཚོགས་ཚོའི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་གྱི་བྱང་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། ངལ་རྩོལ་པའི་ཚན་རིག་རིག་གནས་དང་བསམ་བློའི་གོ་རྟོགས་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་འགོག་རྐྱེན་སྣ་ཚོགས་བཟོ་བའི་རང་ངོས་ཀྱི་རྒྱུ་རྐྱེན་ཟམ་མི་ཆད་པར་མེད་པར་བཟོས་པ། མིའི་རང་སྟོབས་ཀྱི་ནུས་པ་སྐོང་འཐེན་གང་ལེགས་བཅས་བྱས་ཡོད།
     སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་བསྒྲུབས་ནས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་རྒྱུ་ནི་བོད་མི་དམངས་དབུལ་ཕོངས་གནས་ལས་སྒྲོལ་བའི་དགོས་ངེས་ཀྱི་ཆ་རྐྱེན་ཞིག་ཡིན། རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས་བྱས་ནས། ཕྱོགས་ཁག་གི་ཧུར་སེམས་སྐོང་འཐེན་བྱས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཆེན་བསྒྲུབས་པའི་མཚོན་ཚུལ་གལ་ཆེན་ཞིག་རེད། དུས་རབས་གོང་མའི་ལོ་རབས་50པར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ཏེ་བོད་དུ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། བོད་དུ་དེང་རབས་ཅན་གྱི་བཟོ་གྲྭ་དང་། སློབ་གྲྭ སྨན་ཁང་བཅས་ཀྱང་སྐྲུན་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ལྷག་ཙམ་རིང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་6འཚོགས་ནས། བོད་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་གལ་ཆེན་ཞིབ་འཇུག་བྱས་ནས་བཟོས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་བར་ཕྱི་གསུམ་དུ་གངས་ལྗོངས་ས་མཐོར་བརྩེ་བ་བཅངས་ནས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་ཀྱིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་གནང་ནས་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་བོད་སྐྱོར་ལས་དོན་གྱི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།